པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེ་ལ་མཇལ་བ།

     ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཞོགས་པར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་ལྷ་སའི་ལྷ་ལྡན་གཙུག་ལག་ཁང་དུ་ཕེབས་ཏེ་ཇོ་བོ་ཤཱཀྱ་མུ་ནེ་ལ་མཇལ། དགེ་འདུན་པ་བརྒྱ་ཙམ་གྱིས་སེར་ཕྲེང་བསྒྲིགས་ཏེ་པཎ་ཆེན་མཆོག་ལ་བསུ་བ་ཞུས།

        ལྷ་ལྡན་གཙུག་ལག་ཁང་དུ་པཎ་ཆེན་མཆོག་རིམ་པ་བཞིན་དགའ་ལྡན་ལྷ་ཁང་དང་ཐུགས་རྗེ་ལྷ་ཁང་ལ་མཇལ། ཇོ་སྐུའི་མདུན་དུ། ཁོང་གིས་སྨོན་ལམ་གསུངས་པ་དང་། ལྷ་རྫས་ཁ་བཏགས་ཕུལ། ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ལྷ་ལྡན་གཙུག་ལག་ཁང་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཆོ་ག་སྤེལ་ས་གཙོ་བོ་རེད། ལོ་རྒྱུས་ཡིག་ཚགས་སུ་བཀོད་པ་ལྟར་ན། ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེ་དགོང་ལོ་བཅུ་གཉིས་ཅན་གྱི་སྐུ་བརྙན་ནི་ཐང་རྒྱལ་རབས་ཀྱི་རྒྱ་བཟའ་གོང་ཇོས་ཁྲང་ཨན་ནས་ལྷ་སར་ཞུས་པ་ཡིན་ལ། བོད་བརྒྱུད་ནང་བསྟན་གྲུབ་མཐའ་ཁག་གི་མཆོད་འབུལ་བྱ་ཡུལ་དུ་གྱུར་ཡོད།

   པཎ་ཆེན་འཁོར་དང་བཅས་པ་ནི་ཟླ་བརྒྱད་པའི་ཚེས་ཉེར་བདུན་ཉིན་ལྷ་སར་འབྱོར་བ་ཡིན་ལ། ཁོང་གིས་ད་དུང་བོད་ལྗོངས་ནས་ཟླ་གཉིས་ཙམ་ལ་ཆོས་ལུགས་རྟོག་ཞིབ་བྱ་འགུལ་སྤེལ་རྒྱུ་རེད།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/8/29 བལྟ་ཀློག (2547)