མི་ཚེའི་འདུན་པ།

མིང་རྟ་མགྲིན་རྒྱལ། 

མི་ཡི་མི་ཚེ་རིང་པོ་རིང་པོ་ཞིག །
རང་གི་ཕུགས་བསམ་ཐུང་ངུ་ཐུང་ངུ་ཞིག །
དེ་ཡིས་མི་ཚེ་རིང་མོ་སྐྱིབས་བྱས་ཏེ། །
ལམ་གྱི་ཁ་ཞེང་ཅི་ཆོད་སུ་ཡིས་ཤེས། །

སང་ཉིན་ནས་བཟུང་རང་གི་མེས་བ་བཞིན། །
དཔེ་ཀློག་བྱས་ཏེ་མངོན་འདོད་འདུན་པ་སྙེག །
ལམ་འདི་ཀྱ་ཀྱོག་ཆེ་བ་བདེན་ན་ཡང་། །
ཀྱོག་འདིས་རང་ལ་ལམ་བྲོ་རྫོགས་མེད་སྟེར། །

བྱིས་དུས་རྩེད་མོར་གཡེང་བ་ཅི་ཁག་སྟེ། །
བསམ་མེད་བྱིས་བ་ཡོངས་ཀྱི་དགའ་ཕྱོགས་གཅིག །
རིག་ལམ་རིག་པའི་སྐྱོང་བས་དགེ་རྒན་ཞིག །
ན་ཚོད་འདི་ལ་འཕྲད་པ་དཀའ་ཚོད་འདུག །

ལོ་ཆུང་སེམས་པ་ཆུ་ཁའི་ལོ་མ་འདྲ། །

རླུང་བུ་ག་སར་རྒྱུ་བ་དེ་སར་རྒྱུ། །
སློབ་ཆུང་དགེ་རྒན་ལག་གི་དབྱུག་པ་དེས། །

མཚར་འཛིན་བློ་རིག་རྨང་ནས་འཇོམ་པར་རྩོམ། །

ད་ལྟ་ལང་ཚོའི་དུས་འདི་ལེགས་ན་ཡང་། །
ན་ཆུང་སྒེག་མོའི་བསླུ་བྲིད་ཟུར་མིག་དང་། །
དུས་ཀྱི་གནོན་ཤུགས་ལྕི་མོས་མནན་འོང་ན། །
གཞོན་སེམས་གཉོམ་པོ་འདི་ཡིས་ཐེག་མིན་གདའ།  །

ང་རང་ཚོ་ནི་འདི་ལྟར་རྒས་བ་ལས། །
དུས་ཀྱི་ཉི་འོད་བསུ་རྒྱུ་དཀའ་ན་ཡང་། །
རང་གི་སེམས་ཀྱི་དགའ་བ་འགོག་མེད་འདི། །
བཙན་གྱི་བགག་ནས་ཤི་རུ་ཅི་ལ་འཇུག །

རང་གིས་རང་ལ་ནན་གྱིས་བསྐུལ་མ་བྱོས། །
མདུན་སྤྱོད་སྤོབས་པ་རང་གི་དོན་དུ་བསྐྱེད། །
མ་འོངས་པ་ཡི་རང་ཉིད་རང་གིས་བསྐྲུན། །
བརྩོན་དང་སྤོབས་པ་འདི་ཡི་ཆེད་དུ་བྱེད། །

དུས་ཚོད་གཙང་བོ་མདུན་ནས་མདུན་དུ་རྒྱུག །
རྨི་ལམ་རིང་མོ་སྐར་ཚོགས་དབུས་སུ་འཕུར། །
སང་ཉིན་གསལ་བའི་ཉི་མ་སང་ཉིན་ཡིན། །

དེ་རིང་ནས་བཟུང་དེ་ལ་སྨོན་པ་བྱེད། །


རང་སྣང་སེམས་ཀྱི་སྟོང་འདང་སྔོན་བཏང་སྟེ། །
སྟོང་བའི་དབྱིངས་ནས་ཅི་ཞིག་ལེན་པ་བཞིན། །
སེམས་ཀྱི་ཁམས་ནས་དབྱངས་ཀྱི་སྐུད་པ་ཞིག །
འཐེན་ནས་རང་གི་མི་ཚེའི་མཇུག་ཏུ་འཇོག །


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/8/31 བལྟ་ཀློག (2029)