སཱཙྪ་འདེབས་སྟངས།

 

        ཁ་བ་ཅན་དུ་ནང་ཆོས་དར་རྒྱས་སུ་ཕྱིན་པ་ནས་བཟུང་རང་རེའི་ཡབ་མེས་གོང་མ་རྣམས་ལས་བརྒྱུད་པའི་རྟེན་གསུམ་གསར་བཞེངས་ཀྱི་ལག་ལེན་མི་རབས་རེ་རེ་ནས་འཕེལ་རྒྱས་སུ་འགྲོ་བཞིན་པར་བརྟེན་འདིར་གུང་ཐང་བསྟན་པའི་སྒྲོན་མེས། བསོད་ནམས་འབྲས་བུ་གཟུགས་སུ་ཤར་བ་བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད།། བསོད་ནམས་ཞིང་སར་གཅིག་ཏུ་སྡུད་པའི་རྨད་བྱུང་ཐབས་མཁས་བླ་ན་མེད།། ཅེས་དང༌། བསྒྲུབ་པར་སླ་ཞིང་ཤིན་ཏུ་དོན་ཆེ་བ།། སྔོན་རབས་དམ་པ་མང་པོའི་ཐུགས་དམ་མཐིལ།། སཱཙྪའི་གདམས་པ། ཞེས་སོགས་གསུངས་པ་ལྟར། བསྒྲུབ་པར་སླ་ཞིང་ཕན་ཡོན་ཆེ་བ་སཱཙྪའི་སྐོར་གྱི་ངོ་སྤྲོད་མདོ་ཙམ་ཞིག་ཞུ་བར་བྱ་སྟེ།

༡ སཱཙྪ།

     སཱཙྪ་ནི་བརྐོས་ཕོར་གྱིས་པར་བའི་སའི་མཆོད་རྟེན་ཆུང་ངུའི་རིགས་ཏེ་གཙོ་བོ་བདེ་བར་གཤེགས་པའི་ཐུགས་རྟེན་གྱི་ཁོངས་སུ་གཏོགས་པར་གསུངས་མོད། འོན་ཀྱང་མི་འཁྲུགས་པ་དང་སྨན་བླ་སོགས་ཀྱི་སྐུ་བརྙན་ཡོད་པ་རྣམས་སངས་རྒྱས་ཀྱི་སྐུ་ཡི་རྟེན་གྱི་ཁོངས་སུ་གཏོགས་ཤིང༌། མ་ཎི་སོགས་གཟུངས་སྔགས་སཱཙྪར་འདེབས་པའི་སྲོལ་ད་བར་དུ་ཧ་ལམ་བྱུང་མེད་པ་ལྟ་བུར་འདུག་མོད། གལ་ཏེ་ད་ལྟ་ཡོད་པའམ་མ་འོངས་པར་འབྱུང་བར་འགྱུར་ན་གསུང་གི་རྟེན་གྱི་ཁོངས་སུ་གཏོགས་པ་ཡིན།

༢ སཱཙྪའི་རྒྱུ།

     སཱཙྪའི་རྒྱུ་ལ་ས་ཆུ་གཉིས་ཏེ། ཇོ་བོ་རྗེས་མཛད་པའི་ཚཱ་དགུ་མ་ལས། ས་ཆུ་སྲོག་ཆགས་མེད་པ་ལ།། ཞེས་དང༌། འདུལ་བའི་མདོར། སྐྱེ་བ་བོ་ཕྲ་མོའི་གནས་དང་ལྡན་པ་སྤོངས་དགོས་པར་གསུངས་པས་འབུ་སྲིན་ཕྲ་མོ་ཡོད་མེད་ལ་ལེགས་པར་བརྟགས་ཏེ་སྲོག་ཆགས་མེད་པའི་གཞི་ལས་བླངས་པའམ། ཡང་ན་སྲོག་ཆགས་ཕྲ་མོ་རྣམས་ས་ཚགས་དང་ཆུ་ཚགས་སོགས་ཀྱིས་བསལ་དགོས་པ་དང༌། དེ་བཞིན་དུ་མཆོད་རྟེན་གྱི་རྒྱུ་ཆ་ཡིན་སྟབས་ལམ་གྱི་འོག་དང༌། གད་སྙིགས་འདོར་ཡུལ་སོགས་ནས་བླངས་པ་མ་ཡིན་པར་ས་ཆུ་གཙང་སའི་ཕྱོགས་ནས་ལེན་དགོས། སའི་རྒྱུ་རབ་ནི་ས་དམར་གྱི་རིགས་འབྱར་བག་ཅན་ཞིག་ཡོད་པ་ཡིན་མོད། དེ་ཙམ་མ་འབྱོར་ན་སྤྱིར་བཏང་གི་ས་ཡིས་ཀྱང་རུང་ཞིང༌། དེ་ཡང་རྩྭ་སྔོན་མི་སྐྱེ་བའི་སའམ། ཡང་ན་སའི་སྤགས་རིམ་དང་པོ་རྩྭ་སྔོན་སྐྱེ་བའི་ས་ཁ་དོག་ནག་ཅིང༌། ཚགས་ལྷོད་པ་ཞིག་ཡོད་པ་དེ་བཀོག་ནས་དེ་དང་མ་འདྲེས་པའི་ས་ལེན་དགོས་ཤིང༌། བྱེ་མ་འདྲེས་པའི་ས་ཡིས་ཀྱང་མི་རུང་བ་ཡིན།

༣ སཱཙྪའི་ལག་ལེན།

      སཱཙྪའི་ལག་ལེན་ནི་གོང་དུ་བཤད་པ་ལྟར་གཙང་ཞིང་རུང་བའི་ས་བླངས་རྗེས་ས་ཞིབ་ཡིན་ན་ཚགས་ཡག་པོ་རྒྱག་དགོས་པ་དང༌། ས་རྡོག་རྡོག་ཡིན་ན་ཞིབ་མོར་བརྡུངས་ནས་ཚགས་བརྒྱབ་ཅིང༌། ཆུ་ཉུང་ཙམ་བླུགས་རྗེས་དམ་ལྷོད་རན་པར་བརྫི། སཱཙྪའི་བརྐོས་ཕོར་གྱི་ནང་དུ་སྣུམ་མ་བྱུགས་ན་འབྱར་ནས་སཱཙྪར་ཆག་སྐྱོན་འབྱུང་སྟབས། བརྐོས་ཕོར་གྱི་ནང་དུ་སྣུམ་བྱུགས་ཤིང༌། བརྫིས་ཡོད་པའི་ས་ལས་ཆེ་ཆུང་རན་ཙམ་ཞིག་བཀོག་སྟེ། སཱཙྪའི་དབུ་ཡག་པོ་ཡོང་ཆེད་འདག་གོང་རྩེ་ཕྲ་མོ་ཅན་བཟོས་ནས་བརྐོས་ཕོར་གྱི་ནང་འཇུག་པ་དང༌། སཱཙྪ་ཆེ་བའི་རིགས་ཡིན་ན་རྡོ་དང་པང་ལེབ་སོགས་ཀྱི་སྟེང་དུ་ཁ་སྦུབ་སྟེ་རྒྱུག་པ་སོགས་ཀྱིས་སྟེང་ནས་བརྡུང་དགོས་ཤིང༌། ཆུང་ངུའི་རིགས་ལག་པས་ཡར་དེད་ནས་པར་ཀྱང་ཆོག སཱཙྪ་བརྐོས་ཕོར་ལས་མར་བཏོན་རྗེས་ཟུང་འཇུག་ཕུལ་ན་སྐྱོན་ཤོར་གྱི་ཡོད་སྟབས་བརྐོས་ཕོར་ལས་མ་བཏོན་གོང་ཟུང་འཇུག་ཕུལ་དགོས། བརྐོས་ཕོར་ལས་བཏོན་རྗེས་ཉི་མར་བསྐམ་པ་དང༌། དེ་རྗེས་མེར་བསྲེག་བཏང་ནས་རྫ་ལྟ་བུར་བཟོ་བ་རབ་ཡིན།

༤ རྗེས་ལ་ཇི་ལྟར་བྱ་བ།

     སཱཙྪ་ལེགས་པར་གྲུབ་རྗེས་རབ་གནས་བྱ་ཞིང༌། དྲི་གཙང་ཁང་སོགས་འཕྲོ་བརླག་ཏུ་མི་འགྲོ་བའི་གནས་སུ་སྤྱན་འདྲེན་པའམ། ཡང་ན་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་གཟུངས་ལས། མཆོད་རྟེན་འབུམ་ལས་བྱས་ལ་གདུགས་དང༌། རྒྱལ་མཚན་དང༌། བ་དན་ལ་སོགས་པས་ལེགས་པར་མཆོད་ནས་རྒྱ་མཚོ་ཆེན་པོའམ། ཡང་ན་ཆུ་ཀླུང་དུ་བཏང་ན་དེས་ཐམས་ཅད་དམྱལ་བ་ལ་སོགས་པ་ལས་ཐར་བར་འགྱུར་རོ།། ཞེས་གསུངས་པ་ལྟར་ཆུ་ཀླུང་སོགས་སུ་གཏོང་བར་བྱ་ཞིང༌། བུ་སྟོན་རིན་པོ་ཆེས། གཤིན་པོ་རྗེས་འཛིན་གྱི་ཆེད་དུ་ཡང༌། སཱཙྪ་བྱས་རྗེས་ཆུ་ཀླུང་དུ་གཏོང་བའམ། ཡང་ན་ལམ་གྱི་བཞི་མདོར་མཆོད་རྟེན་བྱ་བ་གཉིས་སུ་གསུངས་པ་ལྟར་དེང་སང་བོད་ཀྱི་དགོན་པ་མང་པོའི་ནང་དབྱར་གནས་སོགས་ཀྱི་སྐབས་སུ་གཤིན་པོའི་རུས་བ་ལ་ཚཱ་བསྒྲུབས་བྱས་ཏེ་མཐར་དགེ་འདུན་གྱི་སེར་སྦྲེང་དང་བཅས་གདན་འདྲེན་པར་བྱེད་ཀྱི་ཡོད། གཟབ་དགོས་པ་ཞིག་ལ། པོ་ཏོ་བའི་གསུང་སྒྲོས་སུ། སཱཙྪ་ཆུ་ནང་དུ་བསྐྱུར་བའམ། ཡང་ན་ཆུ་འགྲམ་དུ་འཇོག་པ་ནི་མཆོད་རྟེན་འཇིག་པ་ཡིན་པས་ཉེ་བའི་མཚམས་མེད་དུ་འགྱུར་ཞེས་གསུངས་ཀྱང༌། དེའི་དགོངས་པ་ནི་རང་གི་གནས་སོགས་སུ་འཇོག་མི་བདེ་བར་བསམས་ནས་ཆུ་ནང་དུ་བསྐྱུར་བ་སོགས་ལ་དགོངས་པ་ཡིན་ཞེས་གུང་ཐང་བསྟན་པའི་སྒྲོན་མེས་གསུངས། ཆུ་ནང་དུ་གཤེགས་སྐབས་ཆུར་གནས་པའི་སེམས་ཅན་རྣམས་ལ་ཕན་པ་སོགས་ཀྱི་ཆེད་དུ་གཤེགས་པ་ལས། གང་སར་འཇོག་རྒྱུ་ལ་སུན་ནས་ཆུ་ནང་དུ་དབྱུག་པ་ནི་ནམ་ཡང་མི་རུང་བ་ཡིན།
       གཞན་བོད་ཀྱི་ལག་ལེན་ལ། ཚཱ་ཁང་བརྩིགས་ནས་སཱཙྪ་མང་པོ་མཉམ་དུ་འཇོག་པ་ནི་ཆེས་འོས་ཤིང་འཚམས་པས་དེ་ལྟར་བྱེད་པའམ། ཡང་ན་གཙང་བའི་ས་ཕྱོགས་སུ་ཆར་ཆུ་སོགས་ཀྱིས་མི་འཇིག་པའི་ཐབས་ཤེས་བྱས་ཏེ་འཇོག་དགོས།

༥ སཱཙྪའི་དབྱེ་བ།

     སཱཙྪའི་དབྱེ་བ་ལ་རྒྱུའི་སྒོ་ནས་དབྱེ་བ་དང༌། རྣམ་པའི་སྒོ་ནས་དབྱེ་བ་གཉིས་སུ་ཡོད་ཅིང༌། རྒྱུའི་སྒོ་ནས་དབྱེ་བ་ནི། ཤེས་པ་ཐམས་ཅད་མཐར་ཕྱིན་པར་གྲུབ་པ་མཆོད་རྟེན་གྱི་གཟུངས་ལས། འབྱུང་བ་ཆེན་པོ་གང་ལ་མཆོད་རྟེན་བཏབ་ཀྱང་བསྐལ་བ་དཔག་ཏུ་མེད་པ་ཐམས་ཅད་ཀྱི་སྒྲིབ་པའི་དྲི་མ་དག་ནས། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེས་ཏེ་ཕྱིར་མི་ལྡོག་པའི་ས་འཐོབ་པར་འགྱུར་རོ།།ཞེས་གསུངས་པས་འབྱུང་བ་ཆེན་པོ་བཞི་ལ་སཱཙྪ་གདབ་པར་གསུངས་ཤིང༌། དེ་ཡང་སར་གདབ་པ་ནི་སྔར་བཤད་ལྟར་དང༌། ཆུར་གདབ་སྐབས་བརྐོས་ཕོར་གྱིས་ཆུ་ནང་དུ་ཡང་ནས་ཡང་དུ་གདབ་པ་དང༌། མེར་གདབ་སྐབས་མེ་ལྕེའི་སྟེང་ནས་གདབ་དགོས་ཤིང༌། རླུང་ལ་ཡང་དེ་བཞིན་རླུང་ཡོང་སྐབས་བརྐོས་ཕོར་གྱིས་གདབ་དགོས་པ་ཡིན། དེར་མ་ཟད་འབྱོར་ལྡན་འགའ་རེས་གསེར་དངུལ་གྱིས་འདེབས་པ་ཡང་མཐོང་རྒྱུ་ཡོད།
       རྣམ་པའི་དབྱེ་བ་ནི། བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་སོགས་ལྟ་བུ་ཐུགས་ཀྱི་རྟེན་དང༌། སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་རྣམས་སྐུའི་རྟེན། གཟུངས་སྔགས་ཀྱི་རིགས་རྣམས་གསུང་གི་རྟེན་དེ་སྐུ་གསུང་ཐུགས་རྟེན་གྱི་རིགས་གསུམ་དུ་དབྱེ་བ་ལས། ནང་གསེས་ཀྱི་དབྱེ་བ་ལ་ཚད་མེད་དེ། ལྟུང་བཤགས་ལས་བྱུང་བའི་སངས་རྒྱས་སོ་ལྔ་ལྟ་བུ་དང༌། མདོ་སྡེ་བསྐལ་བཟང་ལས་བྱུང་བའི་སངས་རྒྱས་སྟོང་རྩ་གཉིས་སོགས་གང་འདོད་ལྟར་བྱེད་ཆོག་པའི་ཕྱིར་རོ།།

༦ སཱཙྪར་གུས་པ་ཇི་ལྟར་བྱ་བ།

     སཱཙྪ་ནི་གོང་སྨྲོས་ལྟར་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་གང་རུང་གི་ཁོངས་སུ་གཏོགས་པ་ཡིན་སྟབས་སངས་རྒྱས་རང་ཉིད་ཀྱིས་ད་ལྟ་ང་ལ་མཆོད་པ་བྱེད་པ་དང༌། མ་འོངས་པར་སྐུ་གཟུགས་སོགས་ལ་མཆོད་པ་བྱེད་པ་གཉིས་བསོད་ནམས་དང་རྣམ་སྨིན་མཉམ་པར་གསུངས་སྟབས་མེ་ཏོག་དང་བདུག་སྤོས་སོགས་ཀྱིས་མཆོད་པ་ཅི་འབྱོར་བྱེད་དགོས་ཤིང༌། སྐྱབས་འགྲོའི་བསླབ་བྱར་ཡང་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་སོང་ནས་བཟུང༌། སངས་རྒྱས་ཀྱི་སྐུའི་རྟེན་སཱཙྪའི་ཆག་དུམ་ཡན་ཆད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་ནས་མ་གུས་པ་སྤངས། གུས་པ་བསྐྱེད་ཅེས་གསུངས་པ་ལྟར་བྱེད་དགོས་ཤིང༌། གལ་ཏེ་མ་གུས་པ་དང་གཏོར་བཅོམ་སོགས་བྱས་ན་སངས་རྒྱས་ལ་མ་གུས་པ་དང༌། ཉེ་བའི་མཚམས་མེད་ཅེས་མཚམས་མེད་པའི་ལས་ཆེན་པོ་དང་ཕྱོགས་མཚུངས་སུ་འགྱུར་བ་ཡིན་པས་ཡིད་གཟབ་བྱེད་དགོས་པ་ཡིན།

༧ སཱཙྪའི་བརྐོས་ཕོར།

     བརྐོས་ཕོར་ལ་བཟང་ངན་ཆེ་ཆུང་སྣ་ཚོགས་ཡོད་ཀྱང་ཟངས་རག་སོགས་བཞུ་བླུགས་བྱས་ཏེ་བཟོས་པ་ལས་བརྡུང་ནས་བཟོས་པ་ཧ་ལམ་མེད་ཅིང༌། ལྕགས་ཀྱིས་བཟོས་པའང་མེད་པར་སྣང༌། འདི་ནི་དཀོན་མཆོག་གི་རྟེན་གྱི་བརྐོས་ཕོར་ཡིན་སྟབས་གལ་ཏེ་འབྱོར་བས་ནུས་ན་དངུལ་སོགས་རྒྱུ་ཆ་བཟང་བ་རྣམས་ཀྱིས་བཟོ་དགོས་པ་དང༌། རྒྱུན་དུ་མཆོད་སྒྲོམ་སོགས་ཀྱི་སྟེང་དུ་འཇོག་དགོས་ཤིང༌། སཱཙྪར་གུས་པ་ཇི་ལྟར་བྱ་བ་ལྟར་བྱེད་དགོས་པ་ལས། མ་གུས་པ་དང༌། འགོམ་ཡུག་འཁྱེར་བ་སོགས་སུ་བཞག་མི་རུང༌།

༨ བོད་ལ་སཱཙྪ་དར་བའི་དུས་རིམ།

    བོད་ལ་སཱཙྪ་དར་བའི་དུས་རིམ་ནི། མངའ་བདག་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ་ཕོ་བྲང་གི་ཡང་ཐོག་ཏུ་དཔང་སྐོང་ཕྱག་བརྒྱ་པ་སོགས་བབས་ཏེ་དམ་པ་ལྷ་ཆོས་ཀྱི་དབུ་བརྙེས་སྐབས་རིན་པོ་ཆེའི་བརྐོས་ཕོར་དྲུག་ཕོ་བྲང་གི་ཐོག་ཏུ་བབས་པར་གསུངས་པ་ནི། བོད་ལ་ཐོག་མར་བྱུང་བའི་སཱཙྪའི་བརྐོས་ཕོར་ཡིན་སྟབས་དེ་ནས་བཟུང་སཱཙྪ་དར་བའི་དབུ་ཚུགས་པར་ངོས་འཛིན་བྱེད་ཆོག་ཅིང༌། ཕོ་བྲང་གི་ཐོག་ཏུ་བབས་པ་མ་ཡིན་པར་པཎ་ྜྲིཏ་དང་ལོ་ཙཱ་བས་རྒྱ་གར་ནས་ཁྱེར་བར་གསུངས་པ་ཡང་ཡོད་མོད་གང་ལྟར་དེ་དུས་སཱཙྪའི་བརྐོས་ཕོར་བྱུང་བ་ལ་རྩོད་པ་མེད། བསྟན་པ་ཕྱི་དར་གྱི་སྐབས་སུ་སྨྲི་ཏིཛ༼འན་ཀིརྟི་དང༌། ཇོ་བོ་པཎྜྲིཏ་སོགས་ཀྱིས་སཱཙྪར་ཐུགས་དམ་མཛད་དེ་ཕྱག་བཏབ་མང་པོ་གནང་བ་ད་ལྟ་ཡང་བོད་ཀྱི་དགོན་སྡེ་འགའ་རེར་མཐོང་རྒྱུ་ཡོད་ཅིང༌། ད་དུང་སྔོན་གྱི་སྐྱེས་ཆེན་དམ་པ་མང་པོས་ཕྱག་བཏབ་གནང་བར་གྲགས་པ་མི་ཉུང་བ་ཞིག་ད་ལྟ་མཇལ་རྒྱུ་ཡོད།

༩ སཱཙྪའི་ཕན་ཡོན།

      སཱཙྪའི་ཕན་ཡོན་ནི་མཐའ་ཡས་ཏེ། སྔོན་ཇོ་བོ་རྗེ་བིཀྲཱམཤིའལར་བཞུགས་སྐབས་མངའ་བདག་མཻཏྲི་བ་གནས་དབྱུང་བཏང་བའི་རྣམ་སྨིན་གྱིས་རི་རབ་ལ་སྐོར་བ་གསུམ་ཕོག་པའི་སེམས་ཅན་ཆེན་པོ་ཞིག་གི་སྐྱེ་བ་བྱངས་ཏེ་བྱ་སྣ་ཚོགས་ཀྱིས་ཟ་བའི་སྡུག་བསྔལ་མྱོང་བར་འགྱུར་རོ་ཞེས་རྗེ་བཙུན་སྒྲོལ་མས་ལུང་བསྟན་པ་དང༌། ཇོ་བོས་དེས་སྒྲིབ་པ་སྦྱོང་ཐབས་ཞུས་པས་ཁ་བ་ཅན་དུ་སོང་ལ་སངས་རྒྱས་ཀྱི་བསྟན་པ་དར་བར་གྱིས། ཉི་མ་རེ་རེ་བཞིན་སཱཙྪ་བདུན་བདུན་ཆག་མེད་དུ་ཐོབས་གསུངས་པ་ལྟར། ཇོ་བོ་ཆེན་པོས་ཀྱང་ཉི་མ་རེ་རེར་སཱཙྪ་བདུན་བདུན་ཆག་མེད་དུ་ཕྱག་བཏབ་མཛད་ཚུལ་བཀའ་གདམས་པའི་གཞུང་ལས་བྱུང་བ་ལྟར་དང༌། རྗེ་བཙུན་མི་ལས་མ་ཡུམ་གྱི་རུས་པ་རྣམས་ཀྱིས་སཱཙྪ་བཏབ་ཚུལ་མི་ལའི་རྣམ་ཐར་དུ་གསལ་བ་དང༌། དེ་བཞིན་རྗེ་ཙོང་ཁ་པ་ཆེན་པོ་སོགས་ཀྱིས་སཱཙྪར་ཐུགས་དམ་མཛད་དེ་ཕྱག་བཏབ་གནང་བར་གུང་ཐང་བསྟན་པའི་སྒྲོན་མེས་གསུངས་པ་སོགས། མདོར་ན་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་བཞེངས་པ་ལ་ཕན་ཡོན་ཅི་ཡོད་སཱཙྪ་ཆུང་ངུ་ཞིག་བཞེངས་པ་ལ་ཡང་ཡོད་པས་ཚེགས་ཆུང་དོན་ཆེའི་ལས་འདི་ལ་འཇུག་པར་འོས་པ་ཡིན་ནོ། །


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/8/31 བལྟ་ཀློག (8538)