བྱམས་པ་དམངས་རྒྱས་ཚོགས་པ་དང་ཁོར་ཡུག་སྲུང་སྐྱོབ།

 

     ༢༠༡༢ལོའི་སྤྱི་ཟླ་༨པའི་ཚེས་༧ཉིན་མགོ་ལོག་རྨ་ཆེན་རྫོང་གཡོན་གཞུ་སྡེ་བའི་རྒན་པོ་ལོ་༨༦ཅན་གྱི་གཅོད་ལོའི་གཙོས་རང་སྡེ་བའི་ལྷག་བསམ་ཅན་དང་ཤེས་ཡོན་པའི་དཔུང་སྡེ་ཁག་ཅིག་མ་བསྐུལ་དང་བླངས་ཀྱིས་མཉམ་དུ་འདུས་ཏེ་རང་སྡེ་བའི་ཡིག་རྨོངས་སེལ་ཐབས་དང་ཁོར་ཡུག་སྲུང་སྐྱོབ།  ད་དུང་ཁེ་ལས་ཀྱི་སྐོར་ནས་ཅུང་ཟད་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་དཔལ་འབྱོར་བསྒྲུབ་དགོས་པར་གྲོས་འཆམ་བྱུང་སྟེ་གོང་རིམ་ནས་ཆོག་མཆན་ཐོབ་ཡོད། ལོ་རེར་ཐེངས་གཉིས་ལ་དམངས་ཀྱི་ཡིག་རྨོངས་སེལ་རྒྱུ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲོས་གཞི་བཏོན་ཡོད།  ད་དུང་ཕྱུགས་གསོ་མཉམ་ལས་ཁང་གི་ལས་དོན་མཐའ་འཁྱོལ་བྱེད་རྒྱུ་ཡིན།

ང་ཚོས་རང་གི་ཁོར་ཡུག་རང་གིས་སྲུང་སྐྱོབ་བྱེད་རྒྱུ་ཡིན།

 

ཚོགས་མི་ཡོངས་ཀྱིས་ང་ཚོའི་འཚོ་གཞེས་ཀྱི་ཆེད་དུ་ཁོར་ཡུག་སྲུང་སྐྱོབ་ལ་འབད་འབུངས་བྱེད་བཞིན་ཡོད།

 

གཏེར་ཁ་སྔོག་འདོན་མ་ཡིན་པར་དོན་དངོས་ཀྱིས་འཕྲུལ་རིགས་བེད་སྤྱད་དེ་ཁོར་ཡུག་ཉར་བ།

 

     ལོ་འདི་དག་ལ་གཡོན་གཞུ་སྡེ་བའི་དཔལ་འབྱོར་གོང་འཕེལ་དང་ཤེས་ཡོན་མཐོར་འདེགས་ཀྱི་ལས་ཀར་དམངས་ཡོངས་མཐུན་སྒྲིལ་གྱིས་ལག་རྡང་སྦྲེལ་ཏེ་ཕ་སྐད་གཙང་དག་སྨྲ་བ་དང་བུ་ཕྲུག་སློབ་གྲྭར་སྐྱེལ་བ་སོགས་ལ་ནུས་པ་ཆེན་པོ་ཐོན་ཡོད།

 

      ང་ཚོས་ནུས་པ་ཅི་ཡོད་ཀྱིས་དམངས་ཀྱི་ཡིག་རྨོངས་སེལ་དུ་འཇུག་རྒྱུ་ཡིན། རང་སྡེ་བའི་སློབ་ཆེན་སློབ་མ་ཚོས་དཀའ་ངལ་ལ་མ་འཛེམས་པར་གཡོན་གཞུ་སྡེ་བའི་རྒན་གཞོན་དར་མ་ཡོངས་ལ་རང་ནུས་ཅི་ཡོད་ཀྱིས་སློབ་ཁྲིད་བྱེད་བཞིན་ཡོད།

 

ང་ཚོས་ལོ་ན་རྒན་གཞོན་མེད་པར་རང་སྡེ་བ་ནས་མགོ་བརྩམས་ཏེ་ཡིག་རྨོངས་སེལ་རྒྱུ་ཡིན།

 

      ཤེས་རིག་ནོར་བུའི་སློབ་གླིང་གི་ཁྲིད་དེབ་གཞིར་བཞག་སྟེ་བསླབ་ཚན་རྣམས་བློར་སྐྱོར་བ་དང་རྒྱུགས་ལེན་པ་སོགས་ཤེས་རིག་འཕེལ་རྒྱས་ཀྱི་ཆེད་དུ་ང་ཚོ་བྱམས་པ་དམངས་རྒྱས་ཚོགས་པས་ཞབས་ཏོག་སྒྲུབ་བཞིན་ཡོད།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/9/3 བལྟ་ཀློག (11484)