ཆུང་འདྲིས་བྱམས་པ།

                              བསོད་ནམས་དར་རྒྱས།

སྔོན་བསགས་ལས་དབང་གིས་བཀོད་སྒྲིག་ཞིག་གམ།།

ཚེ་སྔོན་སྨོན་ལམ་གྱི་བསྐོས་ཐང་ཞིག་གིས།།

ཆ་མེད་རྒྱུས་མེད་ཀྱི་ངོ་གདོང་ཆ་གཉིས།།

སློབ་རའི་གྲུ་ཟུར་ནས་མཇལ་འཛོམས་བྱུང་ཐལ།།

ཆུང་ཆུང་བྱིས་པ་ཡི་བསམ་བློ་ཆུང་ཆུང་།།

ཕར་དགའ་ཚུར་འཐད་ཀྱི་སེམས་པ་ཆུང་ཆུང་།།

སློབ་རའི་སྐྱེད་ཚལ་གྱི་ལྡུམ་ར་ཆུང་ཆུང་།།

ཁྱོད་དང་འུ་གཉིས་ཀྱི་རྩེ་ར་ཆུང་ཆུང༌།

ཆུང་ཆུང་འདྲིས་འདྲིས་ཀྱི་བརྩེ་འདང་ཆུང་ཆུང་།།

ཆུ་དང་འོ་བཞིན་ལྷན་ཏུ་འདྲེས་ཡོད།།

ལྡོག་མེད་ལས་དབང་གི་བར་ཆད་མེད་ན།།

རང་སར་འགྲོ་དགོས་ཀྱི་འདུན་པ་མི་འདུག།

ན་ཆུང་མཛེས་མ་ཡི་འཛུམ་ལ་མ་ཆགས།།

གཞན་སེམས་བསླུ་བྲིད་ཀྱི་རྒྱ་རུ་མ་ཚུད།།

ཆུང་འདྲིས་བྱམས་པ་དེ་དུང་སེམས་ཅན་པོ

དམར་ཆུང་སེམས་པ་ཡི་བདག་པོར་གྱུར་འདུག།

འདི་ལྟར་བརྩེ་འདང་དེ་ཇེ་ཟབ་ཇེ་ཟབ།།

སེམས་པའི་ཕྱི་ནང་ལ་བག་ཆགས་བཞག་སོང་།།

མཉམ་འགྲོ་མཉམ་འདུག་གི་འཚོ་བའི་ཁྲོད་ནས།།

ལུས་དང་གྲིབ་མ་བཞིན་ལྷན་ཏུ་འགྲོགས་ཡོད།།

བཅོས་མིན་བརྩེ་བ་ཞིག་སེམས་ལ་ཆགས་ཡོད།།

དགའ་དུང་སྙིང་གཏམ་དེ་བརྗོད་པར་མ་ཕོད།།

སེམས་པའི་གསེང་རིམ་ལ་ལྷུང་བའི་ན་ཟུག།

བྲང་གཞུང་རྨ་ཁ་ཡི་རྒྱུ་རུ་གྱུར་སོང་།།

དགའ་བའི་ཟུར་མིག་གི་མདའ་མོ་རྣོན་པོས།།

ཕན་ཚུན་སེམས་པ་ལ་ཡང་ཡང་གཙེགས་ཀྱང་།།

བཤད་འདོད་སེམས་ཁོང་གི་སྙིང་གཏམ་དམར་པོ།།

སེམས་པའི་ཟབ་ས་རུ་ད་དུང་ཉར་ཡོད།།

དུས་ཚོད་འཁོར་ལོ་དེ་གཅིག་འཁོར་གཉིས་འཁོར།།

དྲོད་འཇམ་ཉི་མ་དེ་ཡང་ཤར་ཡང་ནུབ།།

ལོ་དང་ཟླ་བ་དེ་ཆུ་བོ་ཇི་བཞིན།།

མ་བསྡད་རྒྱང་རིང་ནས་རྒྱང་ལ་བཞུར་ཐལ།།

སེམས་ཀྱི་ན་ཟུག་དེ་ཇེ་རྒོད་ཇེ་རྒོད།།

བརྗོད་འདོད་སྙིང་གཏམ་དེ་ཇེ་མང་ཇེ་མང་།།

འཕྲད་པའི་སྐལ་བ་དེ་གང་མང་ལྡན་ཡང་།།

མིད་ཐག་ཕྲ་མོ་སྟེ་མཆི་མས་བརྣངས་སོང་།།

མཚན་མོའི་རྨི་ལམ་དེ་ཁྱོད་རང་སླེབས་བྱུང་།།

ཉིན་མོའི་རེ་འདུན་ལ་ཁྱོད་རང་དྲན་བྱུང་།།

དམར་ཆུང་སེམས་པ་རང་ཤོར་བའི་ཆུང་འདྲིས།།

མི་ཚེའི་གཏན་གྲོགས་རང་ཡིན་ན་བསམ་ཡོད།།

ཡུན་རིང་སེམས་ཁོང་ལ་ཉར་བའི་སྙིང་གཏམ།།

མ་ཤོར་ཡ་ཆུང་གི་ནད་དུ་གྱུར་ཐལ།།

སེམས་པའི་གས་སྲིབ་ལ་བཟོས་པའི་རྨ་ཁ།།

བདུད་རྩི་སྨན་མཆོག་གི་སོས་ཐབས་མ་བྱུང་།།

འདོད་པའི་བུ་ཆུང་གི་བྲེལ་འཚུབ་རྒོད་ཀྱང་།།

སྙིང་ཆུང་དམར་པོ་ཡི་སྤོབས་པ་ཆུང་འདུག།

ཁྱོད་ཀྱི་གདོང་འཛུམ་ལ་ལན་གཅིག་ཅེར་བས།།

ཁོ་བོའི་མགྲིན་ངག་སྟེ་དབང་མེད་ཁྱེར་སོང་།།

འགྲོགས་འདོད་སེམས་པ་དེ་སྤོབས་པའི་མ་འདང་།།

བསྐྱུར་འདོད་སེམས་པ་དེ་རེ་ཐག་མ་ཆད།།

བསམ་གཞིག་མངར་ཁ་ཡི་རྫོང་མཁར་ཞིག་ནས།།

དམར་ཆུང་སེམས་པ་འདི་སྐྱོ་བས་བཟི་སོང་།།

ད་ནི་སེམས་ཁོང་ནས་ཆོད་སེམས་བཅད་དེ།།

གཉོམ་ཆུང་སེམས་པ་ལ་སྤོབས་པ་བསྩལ་ནས།།

དགའ་དུང་སྙིང་གཏམ་གྱི་མགོ་རྐང་བསྒྲིགས་ཏེ།།

རེ་འདོད་སེམས་པ་དེ་ཁྱོད་ལ་ཞུས་ཡོད།།

ཁྱོས་ཀྱང་དགའ་འཛུམ་གྱི་དགོད་སྒྲ་བསླང་ཞོར།།

འཐད་པའི་རྣམ་འགྱུར་དེ་ཕྱི་རུ་མངོན་བྱུང༌།།

སེམས་པའི་གཏིང་རིམ་གྱི་ན་བུན་མཐུག་པོ།།

སྐྱི་བསེར་རླུང་བུ་བཞིན་དབྱིབས་སུ་ཡལ་སོང་།།

ཅང་མེད་བུ་ཆུང་གི་རེ་འདུན་འགྲུབ་སོང༌།།

ཆུང་འདྲིས་བྱམས་པ་ཡི་ལང་ཚོ་དབང་སོང་།།

ལྷན་འཛོམས་སྐལ་བཟང་གི་བདེ་དགར་རོལ་སོང་།།

འབྲལ་མེད་གཏན་གྲོགས་ཀྱི་སྨོན་ལམ་བརྒྱབ་ཡོད།།

བཅོས་མིན་སྙིང་གཏམ་གྱི་མགོ་རྐང་བསྒྲིགས་རོགས།།

དུང་ཞེན་མཚན་མོ་ཡི་ཟླ་འོད་སྲུང་རོགས།།

ཆུང་ཆུང་འདྲིས་འདྲིས་ཀྱི་ན་ཆུང་བུ་མོ།།

ཆུ་དང་ཉ་མོ་བཞིན་དབྱེར་མེད་གྱུར་ཡོད།།

མདུན་ན་ཀྱག་ཀྱོག་གི་ལམ་འཕྲེང་དོག་གི།

རྒྱབ་ན་ཕྲག་དོག་གི་མེ་ས་ལྕེ་འབར་གི།

མི་འགྱུར་བརྩེ་དུང་གི་གི་རྡོ་རྗེ་མདུད་པ།།

མི་གྲོལ་དགུ་མདུད་དེ་ཡང་ཡང་བརྒྱབ་ཡོད།།

འདུ་བྲལ་ལས་དབང་དེ་གནམ་གྱིས་མི་ཁོགས།།

མཇལ་འཛོམས་ལོ་ཟླ་དེ་གཙང་བོའི་མི་ཆོད།།

མི་ཚེ་འཚོ་བ་ཡི་དམིགས་འདུན་ཆེད་དུ།།

ང་དང་ཆུང་འདྲིས་གཉིས་འབྲལ་དགོས་བྱུང་སོང་།།

ཐང་དཀར་རྒོད་པོ་དེ་གནམ་ལ་འཕུར་འགྲོ།

དྭངས་གཙང་ཆུ་མོ་དེ་མཚོ་ལ་འདྲེས་འགྲོ།

ཁྱོད་དང་འུ་གཉིས་ཀྱི་བསམ་དོན་འགྲུབ་པས།།

རེ་བའི་ལྷ་བསང་དེ་ཡང་ཡང་བཏང་ཡོད།།

ལམ་གྱི་བར་ཐག་དེ་རྒྱང་ཐག་རིང་ཡང་།།

སེམས་དང་སེམས་པ་ལ་བར་ཐག་མི་འདུག།

མི་ཚེའི་ཀྱག་ཀྱོག་གི་འཚོ་བའི་ཁྲོད་ནས།།

དམར་ཆུང་སེམས་པ་དེ་གཅིག་ལ་གཏད་འགྲོ།

ཀ་རྩོམ་སྙིང་གཏམ་དམར་བོ།

ཀ་ཡེ་གསོན་དང་ང་ཡི་སློབ་གྲོགས་ཚོ།།

ཁ་བའི་ལྗོངས་ཀྱི་གནས་མཆོག་སློབ་གླིང་ནས།།

ག་ལེར་ཤེས་བྱའི་གནས་ལ་བརྩོན་པ་བྱོས།།

ང་ཚོའི་མི་རིགས་ཤིག་གི་རྒྱུད་འཛིན་ཡིན།།

ཅ་ཅོ་འདུར་རྒྱུགས་ཆེ་བའི་གྲོང་ཁྱེར་འདིར།།

ཆ་ལུགས་གཅིག་པའི་ཨ་རོགས་བོད་པ་ཚོ།།

ཇ་ཆང་གཅིག་པར་རོལ་ནས་མི་འདུག་པར།།

ཉ་མོའི་འཁྱུག་རྩལ་ངོམ་འདྲིའི་འབད་བརྩོན་བྱོས།།

ཏ་ལེན་ཕྲག་ཏུ་ཁུར་བའི་ཨ་ཕོ་ཁྱོད།།

ཐ་ཤལ་མི་ཡི་གྲལ་དུ་མི་ཞུགས་པར།།

ད་ལྟའི་བླ་སྲོག་འདྲ་བའི་སྲོལ་རྒྱུན་སྐྱོང༌།།

ན་གཞོན་ང་ཡི་སྙིང་གཏམ་དམར་པོ་ཡིན།།

པ་ཏྲའི་དབྱིབས་བཞིན་མཛེས་པའི་སློབ་ཁང་གི།།

ཕ་མ་གཅིག་ལས་མཆེད་འདྲའི་སློབ་གྲོགས་རྣམས།།

བ་གླང་འདྲ་བའི་ལས་ལ་མི་ཞུགས་པར།།

མ་གྱུར་སེམས་ཅན་ཀུན་གྱི་དོན་ལ་སོམས།།

ཙ་རི་གནས་མཆོག་སྐྱིད་པའི་ཞིང་ལམས་ཀྱི།།

ཚ་ཟེར་ཉི་མའི་བུ་རྒྱུད་གངས་ཕྲུག་རྣམས།།

ཛ་དྲག་ཆེ་བའི་ད་ལྟའི་དུས་འདི་ལ།།

ཝ་མོ་ལྟ་བུའི་མི་ལ་དོགས་ཟོན་བྱོས།།

ཞ་སྨྱུག་ལག་ཏུ་འཛིན་པའི་སློབ་བུ་ཚོ།།

ཟ་རྒྱུ་གཅིག་ལ་འབད་ནས་མི་འདུག་པར།།

འ་ཅག་གངས་རིའི་སྲོལ་རྒྱུན་བཟང་བོ་སྐྱོངས།།

ཡ་ཆུང་སེམས་ཀྱི་སྙིང་གི་གཏམ་དམར་པོ་ཡིན།།

ར་བ་གངས་ཀྱིས་བསྐོར་བའི་ཡུལ་ལྗོངས་ཀྱི།།

ལ་ལུང་གང་སར་འགྲིམ་པའི་རྫི་བོ་ཚོ།།

ཤ་དང་ཁྲག་ལས་ལྷག་པའི་ཕ་སྐད་འདི།།

ས་ཆེན་གོ་ལའི་དཀྱིལ་ནས་ཡང་ཡང་བརྗོད།།

ཧ་ཅང་རྙོག་རྫོབ་ཆེ་བའི་ཀ་རྩོམ་འདི།།

ཨ་རོག་སྤུན་ཟླའི་སྤྱན་ལམ་ཕུལ་བ་ལགས།།

ཧ་ཧ་ཞེས་པའི་གད་མ་ཤར་ན་ཡང༌།།

ཨ་རོག་འཁྱམ་པོ་ང་ཡི་སྙིང་གཏམ་ཡིན།།

                            ངེད་དྲ་བ།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/10/14 བལྟ་ཀློག (2317)