ཕ་ཡུལ་གྱི་འཚོ་བ།

                                          རྡོ་རྗེ་ཐར།

                                   ཞོགས་པ།                                                            

ནམ་ལངས་བྱ་བྱེའུའི་སྐད་སྙན་སྒྲོགས་པའི་གཡུ་ཡི་རྩྭ་ཐང་མཐོ་རིས་ཁམས།།

སྤྲ་ནགས་གྲུ་བཞིའི་དུ་བ་སྔོན་པོ་ཨ་སྔོན་ནམ་མཁའི་ཁྱོན་ལ་འཐིམ།།

ཨ་ཅེ་འབྲོག་མོའི་འོ་མ་འཇོ་བའི་དགོ་དགོའི་བཞོ་དབྱངས་དབྱིངས་སུ་འགུག།

ཅང་ཤེས་རྟ་ཕོའི་མཚེར་སྐད་དང་ལྷན་ནོར་ལུག་གོམ་ཁ་་རི་ལ་བསྒྱུར།།

                        ཉིན་གུང༌།  

རྟ་བདུན་དབང་བོའི་འོད་ཟེར་གསལ་བའི་ཆུ་ཕྲན་ཆུང་དུ་དྲོད་ཀྱིས་ཁེངས།།

བསམ་མེད་བྱིས་པ་ཆུ་རྩེད་རོལ་ཞིང་རི་བོའི་ལྗོངས་ལ་རྒྱང་ལྟ་བྱེད།།

ན་ཁུག་མེ་ཏོག་ལྷེམ་མེར་འགུལ་བའི་བསིལ་རླུང་ཞིག་གི་འགྲོས་དང་ལྷན།།

རེ་སྤྲ་སྨུག་པའི་ནང་དུ་འཛུལ་ཏེ་རྩམ་པའི་བྲོ་བར་ཡང་ཡང་སྣུམ།།

                         ས་སྲོད།

ནུབ་ཁའི་ཉི་འོད་རི་རྒྱབ་བཞུད་པའི་རྡུང་རླུང་ཞིག་གི་བར་གསེང་དུ།།

ཤུགས་ཀྱི་བསྐྱོད་པའི་རྟ་ནོར་ལུག་གསུམ་ཆུ་བོའི་འགྲམ་དུ་ཐོར་གྱིས་བཀྲམ།།

དལ་གྱིས་བགྲོད་པའི་རྟ་བདུན་དབང་བོ་ཁྱིམ་དུ་ལོག་པའི་ཟླ་འོད་འོག།

སྒོ་ཕྱུག་འཚོ་རྟེན་གཡང་ཟོག་དག་གིས་མཚན་གཅིག་ལྟོགས་སྐོམ་མྱང་དགོས་བྱུང་།།

                                                       ངེད་དྲ་བ།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/10/15 བལྟ་ཀློག (2141)