མ་ལོ་དྲན་པའི་རྒྱང་འབོད།

                                                        མཁར་མོ།      

བདག་ནི་འོད་སྟོང་འབར་བའི་སློབ་གླིང་ན་གནས་ཀྱང༌།།

མ་ལོ་དྲན་པའི་སེམས་པ་འགོག་ཐབས་རང་མི་འདུག།།

དྲིན་ཆེན་མ་ལོའི་བྱམས་བརྩེའི་དྲོད་ཁོལ་དེ་དྲན་དུས།།

བུ་མོའི་སེམས་པ་རླུང་ནག་འཚུབ་མ་དང་འདྲ་བྱུང༌།།

ལྷག་བསམ་པད་དཀར་འཛུམ་པའི་དྲིན་ཆེན་གྱི་མ་ལོའི།།

བྱམས་པའི་བརྩེ་བ་དྲོད་མོ་བདག་ཉིད་ལ་གཏད་དུས།།

ང་རང་མི་སྡོད་མ་ལོའི་ཕྱོགས་སུའང་ཆས་འགྲོ།།

ནམ་ཡང་བརྗེད་ཐབས་མེད་པ་མ་ལོ་ཡི་བྱམས་སེམས།།

ཞོགས་པའི་ཉི་ཟེར་དྲོད་མོ་མཁར་མཐའ་ནས་ཤར་དུས།།

གངས་ཅན་ཡུལ་ལ་མཛེས་པའི་འགུལ་རྒྱན་གྱི་བརྒྱན་ཤིང༌།།

སྣང་བྱེད་ཤར་བ་མ་ལོའི་བཞིན་རས་དང་འདྲ་དུས།།

མ་ལོའི་བཞིན་རས་བསམ་ནས་དགའ་སྤྲོ་ཞིག་སྐྱེས་བྱུང༌།།

དལ་འབབ་རྨ་ཆུ་སྔོན་མོའི་ཕ་བོང་གི་འགྲམ་ནས།།

ཧ་ཅང་མཛེས་ཤིང་སྡུག་པའི་སྣང་བྱེད་ལ་བལྟས་ཚེ།།

མ་ལོའི་བཞིན་རས་མིན་པ་གསལ་བོར་ཡང་ཤེས་དུས།།

མ་ལོ་དྲན་པའི་སེམས་པ་དབང་མེད་དུ་ཤོར་སོང༌།།

                                                ངེད་དྲ་བ།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/10/16 བལྟ་ཀློག (7264)