བོད་ཡུལ་གངས་ལྗོངས།

                                                     གུ་རུ་འཚོ།

ཕྱོགས་ཀུན་གངས་རིའི་བསྐོར་བའི་གཞི་ཆེན་པོ།།

ས་སྟེང་འདི་རུ་གཟེངས་བའི་ཟེ་བ་དེ།།

རི་མོ་མཁན་གྱིས་པུར་རྩེར་མངོན་པ་ཡི།།

སུན་རྩེན་ས་ལ་བཀོད་པའི་གཟུགས་ཀྱི་ཟླ།།

བོད་ཁམས་ས་ལས་སྨན་ལྗོངས་ཞེས་བྱའི་ཁྱོན།།

ས་གཙང་རི་མཐོ་ཆུ་བོ་ཀུན་གྱི་མགོ།།

གོ་ལའི་སྐྱེ་འགྲོ་ཡོངས་ཀྱི་འདོད་དོན་དུ།།

རེ་བའི་སྨྱུ་གུ་མ་ལུས་དཔལ་ཏུ་སྦྱིན།།

རི་དྭགས་བྱ་རིགས་གཙོ་ཆེ་མང་མང་བ།།

མི་དང་གྲོགས་ཀྱིས་འབྲེལ་བ་དམ་དུ་བཅངས།།

རྨ་གཡང་ཕྱུག་མོའི་འགྲམ་ན་རང་འདོད་རྒྱུ།།

གང་ཅི་བོད་ཡུལ་འཆམ་མཐུན་ཞེས་བྱའོ།།

གང་དེར་སྨིན་པའི་མེས་པོའི་མཛད་རྣམ་དག།།

ས་ལས་ནམ་མཁར་བྱུང་བའི་གསེར་གྱི་མདངས།།

མ་ཡལ་ལམ་ལམ་མཐོ་སྒང་འདི་རུ་བཤམས།།

ཅི་སྟེ་རང་རེའི་སྲོག་གི་ཀ་བ་ཉིད།།

?ཀྱའི་རིགས་ལས་འཁྲུངས་པའི་ཐུབ་མཆོག་ཆེའི།།

དཀར་བཏགས་བཞི་ཡི་གདོངས་དོན་བཅུད་དུ་གཏམས།།

ལོ་པན་མཁས་པས་ཐུགས་བརྩོན་ལྷུར་བཞེས་མཐུས།།

གངས་རིའི་མི་རྣམས་དགེ་བའི་གཤིས་སར་བསྔོས།།

བྱམས་དང་སྙིང་རྗེའི་བདག་ཉིད་ང་སྟེ་བོད།།

ཕན་བདེའི་སེམས་དང་སྦྱོར་བའི་དྲི་བཟང་བོ།།

འཚེ་མེད་ཞི་བ་གཟུགས་མེད་རླུང་ལ་བསྐུར།།

དུས་གསར་རྣ་བའི་དབང་བོའི་གནད་དུ་སྨན།།

རང་སྡེའི་ཡིད་དུ་ཆགས་པའི་མིང་དང་བརྡ།།

དབྱངས་གསལ་སོ་བཞིའི་གཟུགས་སུ་གྲུབ་པ་གང༌།།

ནམ་ཞར་དྲག་ཏུ་ལྡིང་བའི་བྲིས་རིས་དེ།།

མཁས་མཆོག་ཐོན་མིའི་རིག་འཕྲུལ་ངོ་མཚར་སྨད།།

ཕ་མའི་ཕྱག་ཟུང་ཡུན་རིང་བརྡར་པའི་རྩལ།།

བཟོ་དང་འཁེལ་འཐག་ལ་སོགས་བློ་གྲོས་བཅུད།།

སྦྲ་ནག་གྲུ་བཞི་གཙོ་བའི་ལེགས་ཐོན་གྲངས།།

མི་སྐྱུར་ཡུན་དང་གཏན་དུ་འཛིན་གཙོའོ།།

                                      ངེད་དྲ་བ།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2013/10/16 བལྟ་ཀློག (5325)