མིག་ཆུའི་གློ་ཁུག

             ར་མདའ་བ། 
རང་གི་མིག་འབྲས་ལྟ་བུའི་སྙིང་ཉེ་G.Q.S.Bལ་འགྲོ་ལམ་དོག་མོ་ཞིག་ནས་བསམ་དབང་དྲན་དབང་མེད་པར་གློ་བུར་ཏུ་འཕྲད་པས།
ཉི་གསར་ཤར་རིའི་ཕྲག་ན་དམུལ་ཙམ་རེད།།
ཞོགས་ཟིལ་ལྗང་མྱུག་དབུ་ལ་དོ་ཤལ་དོད།།
གློ་བུར་འཕྲད་པའི་སྙིང་གི་དགའ་ས་ཡ།།
ལམ་བུ་ཕྲ་མོ་འདི་ལས་མི་གཡོལ་ཅི།།
གོས་ཀྱི་གོང་ཁ་རེག་པའི་སྒྲ་དེ་ཅི།།
ཕར་ཚུར་ཟུར་མིག་ཤོར་བའི་བརྡ་དེ་ཅི།།
གདོང་གི་ཐིག་ལེ་དམར་པོའི་མདངས་དེ་ཅི།།
ངལ་བའི་ཁ་རླངས་སོ་སོའི་འགྲམ་པར་འཁྱིད།།
ངས་ནི་འཕྲལ་མར་མགོ་བོ་དུད་ཙམ་གྱིས།།
ཁྱེད་རྒྱབ་བུད་དེ་ཅི་ཞིག་དྲན་པ་ཡིས།།
ཕན་ཚུན་གྲིབ་རིས་གླན་པའི་ཉམས་སྣང་ལ།།
སེམས་པ་ཐོགས་ཤིང་ཞེན་ཆགས་གདུས་པ་ཡིས།།
སྐད་ཆ་ཁེགས་བྱུང་ཕྱིར་མིག་མ་ལྟ་རོགས།།
མི་ཚོགས་མིག་གིས་ང་ཉིད་ཁོ་ན་འཛིན།།

                                 2013、9.19


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/10/28 བལྟ་ཀློག (5409)