ཀློག་མི་ཚར་བའི་མིག་ཆུ།

 

                                                               སེར་སྐོར་འཇམ་ཚེ།  [ཚེ་རིང་སྦྱིན་པ།]

 མིག་ཆུ་མ་དྭངས་ལོ་ངོ་གསུམ་རེད། །

སྡུག་གིས་གཙེས་པའི་ལོ་ངོ་གསུམ་རེད། །

འདི་ནི་སྙིང་རྗེ་བྲལ་བའི་ཇག་རྐུན་གྱིས། །

ང་ལ་བཞག་པའི་སྐྱོ་བའི་རྨ་ཁ་རེད། །

                ཁ་བྱང་གི་འགྲེལ།

བྱམས་མེད་ཇག་རྐུན་གྱིས་རལ་གྲི་ཕྱར་ཏེ། །

༡ཨ་ནེའི་ཚེ་སྲོག་དེ་རལ་གྲིར་བསྣུན་ཞིང་། །

ཨ་མྱེས་ལུས་ཕུང་ལ་རྨས་སྐྱོན་དོད་འདུག །

ཡ་ཆུང་སེམས་པ་འདི་མིག་ཆུས་བཀང་བ། །

བསམ་མེད་བྱིས་པ་གཉིས་ཁྲག་ལ་སྦགས་པ། །

ཨ་ནེའི་ལུས་སྟེང་ལ་རལ་གྲི་འཛེར་བ། །

སྐྱོན་མེད་ཉམ་ཆུང་ཚོར་ཐུབ་ཚོད་བྱས་པ། །

སྙིང་གི་བུ་ག་ནས་ན་ཟུག་བརྡོལ་བ། །

གསེར་དང་ནོར་བུ་ཡིས་བཏུམ་པ་མིན་ཡང་། །

གང་འདོད་ཟས་མངར་ལ་རོལ་བ་སྐྱིད་པ། །

མདང་ནུབ་ཇག་རྐུན་གྱིས་ཁྱིམ་གཞིས་གཏོར་བ། །

སྤྲོ་སྐྱིད་གླིང་ག་ལ་རྫོགས་ཚིག་བཀོད་པ། །

 

རྒྱུ་འབྲས་དྲང་བདེན་གྱི་ཚངས་ཐིག་འཕེན་མཁན། །

ཁྲི་ཐོག་བླ་སྤྲུལ་ཚོས་འདི་ལ་གཟིགས་སམ། །

ཞོགས་པའི་རྩྭ་ཕྲན་གྱིས་མིག་ཆུ་བྲུལ་བ། །

མལ་ཁྲི་གཡས་གཡོན་ལ་ཁྲག་ཐིགས་ཟགས་པ། །

ཁྲིམས་དང་མི་མཐུན་ན་ཉེས་སྐྱོན་བཅད་ཅེས། །

མ་ཎི་བཟློས་བཟློས་ཤིག་བྱེད་པའི་ཉེན་རྟོགས། །

གློ་བུར་གས་ཆག་གི་མིག་ཆུ་ཤུམ་ཤུམ། །

ཁྱེད་ཀྱི་བྲང་གཞུང་ན་བཞུར་བ་མིན་ནམ། །

བརྙན་མིག་ནག་རིང་དེ་འདི་རུ་ཚོད་དང་། །

རྐང་རྗེས་ཆེན་པོ་ཞིག་སྒོ་ངོར་བབས་འདུག །

དགྲ་བོ་སུ་ཡིན་དེ་ཐག་གཅོད་བྱོས་དང་། །

ངན་པ་འདབས་ཤོར་ཞིག་བྱས་ན་མི་བཟང་། །

དེ་རིང་ཉི་འོད་ལ་དྲོད་ཁོལ་དབེན་པ། །

མདང་ནུབ་མུན་ནག་གིས་བཞག་པའི་རྨ་ཁ། །

དེ་རིང་ཀུན་གསལ་དེ་སྤྲིན་པས་བསྒྲིབས་པ། །

སྐྲག་སྣང་ཁྲག་དམར་གྱི་རང་མདངས་མངོན་པ། །

བྲིས་ན་མི་ཚར་བའི་གཏམ་རྒྱུད་ངོ་མ། །

ཀློག་ན་མི་གཞོལ་བའི་མིག་ཆུའི་རྡོ་རིང་། །

ངེད་ཅག་གཉེན་ཉེ་ཚོའི་ཐོག་ལ་འཕོས་ན། །

བྱ་བྱེའུ་འབུ་ཚོགས་ཀྱིས་འཕུར་མཚམས་བཞག་འདུག །



མཆན།  ༡བདག་གི་ཨ་ཕྱི་སྔར་ནས་ཤི་ཟིན་ཀྱང་དེ་ནས་སླར་ཡང་ཨ་ཕྱིའི་ནུ་མོ་དང་ཨ་མྱེས་གཉིས་ཀྱིས་གཉེན་བསྒྲིགས་

བྱས་པས་ཨ་ནེ་ཞེས་འབོད་པ་ཡིན།


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/10/28 བལྟ་ཀློག (5815)