ལྡོང་ཡོན་ཏན་རྒྱ་མཚོ་ངོ་སྤྲོད་མདོར་བསྡུས།

     ༄༅། ། དེང་རབས་བོད་ཀྱི་གྲྭ་བཙུན་སློབ་གསོ་བ་དང་རྩོམ་པ་བོ་གྲགས་ཅན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ནི།1974 ལོར་སི་ཁྲོན་རྔ་བར་སྐྱེས། སློབ་ཆུང་མཐར་ཕྱིན་རྗེས་རབ་ཏུ་བྱུང་སྟེ་སྒོ་མང་ དགོན་ཆེན་གྱི་ཚོགས་གྲལ་དུ་ཞུགས། ལོ་བཅུ་ཕྲག་ལྷག་ལ་ཚོགས་དང་ཆོས་གྲྭར་ཆད་མེད་དུ་ཕེབས། གསང་བདེ་འཇིགས་གསུམ་སོགས་དགོན་པའི་ཚོགས་འདོན་དང་བཅའ་བཟོ། ཐིག་རྡུལ་ཚོན།   དབྱངས་བར་རྟ་སོགས་ཞིབ་རྒྱས་སུ་བསླབས་རྗེས་སློབ་དཔོན་ཆེན་མོ་དམུ་དགེ་བསམ་གཏན་སོཊ་བཤེས་མཁས་པ་མང་དུ་བསྟེན་ནས་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་གཞུང་ལུགས་དུ་མར་སློབ་གཉེར་གཤའ་མ་བྱས། དགེ་འདུན་པ་སྟོང་ཕྲག་གཉིས་ལ་ཉེ་བའི་དབུས་སུ་བྱང་ཆུབ་ལམ་རིམ་ཆེན་མོ་ཡོངས་རྫོགས་བློ་རྒྱུགས་སུ་ཕུལ་བས་ཨང་དང་བོའི་གསེར་གྱི་རྟགས་མ་ཐོབ།

       སྤྱི་ལོ་1993ལོ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་རྩིས་རམས་པ་རྗེ་བསམ་འགྲུབ་རྒྱ་མཚོ་ སོགས་ངེས་དོན་དྲན་དབང་དུ་མའི་སྤྱན་སྔར་སྒྲ་དང་ཚད་མ། ནང་དོན་རིག་པ། རྩིས་དཀར་ནག་སོགས་ལ་སྦྱངས་ཤིང་དབང་ལུང་མན་ངག་གི་སྐོར་མང་དུ་གསན། སྤྱི་ལོ་1995ལོ་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཆེན་མོའི་དགེ་རྒན་དུ་གདན་འདྲེན་ཞུས་པ་བཞིན་ཕེབས་ཏེ་ད་བར་དུ་འཆད་ཁྲིད་ཀྱི་ལས་ཁོ་ན་གཉེར་བས་ཀུན་སྤྱོད་ལེགས་ལ་ཤེས་རིག་གིས་ཕྱུག་པའི་བུ་སློབ་སྟོང་ཕྲག་ལྷག་བསྐྱེད་བསྲིངས་བྱས། ད་ལྟ་སློབ་གླིང་དེའི་རྐང་འཛིན་དགེ་རྒན་དང་སློབ་གཙོ་གཞོན་པའི་འགན་བཞེས་ཡོད། དབྱར་དགུན་གྱི་ངལ་གསོའི་སྐབས་སུ་དགོན་སྡེ་བཅུ་ཕྲག་ཙམ་ལ་འཆད་ ཁྲིད་དུ་ཕེབས་ཤིང་གཅིག་སྒྲིལ་རྫོང་ཁང་སར་དགོན་དང་ཁྱུང་མཆུ་རྫོང་ཁང་དམར་དགོན་གཉིས་ལ་ལོ་ལྟར་ཆད་མེད་དུ་དཔེ་ཁྲིད་གནང་བཞིན་ཡོད།

        སྤྱི་ལོ་1995ལོ་ནས་ཁོང་དང་གྲྭ་བཙུན་སྙན་ངག་པ་ཨར་མའི་དགའ་བ་རྒྱ་མཚོ་སོགས་ཀྱིས་བོད་ཀྱི་སྒེར་གཉེར་དུས་དེབ་ཐོག་མ་གུར་ཀུམ་ཆུན་པོ་ཞེས་པའི་ལོ་དེབ་ཅིག་གསར་སྤེལ་གནང་སྟེ་རྩོམ་པ་བོ་སྟོང་ཕྲག་ལྷག་ཅིག་གི་རྩོམ་ཡིག་ཆེད་བཀོད་དང་གསར་སྐྱེས་སྨྱུག་ཐོགས་པ་དུ་མ་བསྐྱེད་བསྲིངས་བྱས་པས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག སྤྱི་ལོ་2004ལོར་རྔ་བ་ཁུལ་ནས་མཁས་དབང་དམུ་དགེ་རིན་པོ་ཆེའི་རྗེས་དྲན་དང་འབྲེལ་ཏེ་གུར་ཀུམ་ཆུན་པོའི་རྩོམ་རིག་བྱ་དགའི་ཚོགས་ཆེན་དུ་ཞིང་ཆེན་སོ་སོ་ནས་མི་སྣ་ལྔ་བརྒྱ་ཙམ་བསྡུས་ཏེ་བོད་ཀྱི་རྩོམ་རིག་བགྲོ་གླེང་གི་ཐད་ཞབས་ཕྱི་དྲོན་མོ་ཞིག་བསྒྲུབས།

      མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་སོགས་བོད་ཁུལ་གྱི་སློབ་གྲྭ་ཆེས་མང་བོ་དང་བརྙན་འཕྲིན་ཁང་དང་རྒྱང་བསྒྲགས་ཁང་དག་གིས་གདན་འདྲེན་ཞུས་པ་བཞིན་ཉེ་བར་མཁོ་ཞིང་དུས་སུ་བབས་པའི་འཆད་ཁྲིད་ཡང་ཡང་གནང་བས་དགེ་སློབ་དང་ཉན་མཁན་གཞན་དག་གི་དགའ་བསུ་ཚད་མེད་ཐོབ། སྔ་ཕྱིར་ཤེས་རིག་ནོར་བུའི་སློབ་གླིང་ནས་བོད་ཡིག་རྐང་འཛིན་དགེ་རྒན་གྱི་འཛིན་གྲྭ་ཐེངས་བཞིར་བསྒྲུབས་པར་འཆད་ཁྲིད་དགེ་རྒན་གྱི་འགན་ཁུར་ཞིང་སྤྱི་ལོ་2007ལོར་ཕ་ཡུལ་རྔ་བ་ནས་གཟའ་འཁོར་གཉིས་ཙམ་ལ་དགེ་རྒན་གསོ་སྦྱོང་འཛིན་གྲྭ་ཞིག་བསྒྲུབས་པར་དགེ་སློབ་བཞི་བརྒྱ་ལྷག་འཆད་ཁྲིད་ལ་ཞུགས་པས་རྔ་བའི་སློབ་གསོར་ཕན་འབྲས་བླ་མེད་ཐོན་ཞེས་ཀུན་གྱིས་གླེང་བཞིན་ཡོད། ད་བར་དུ་སློབ་གྲྭ་དང་དགོན་སྡེ།   རྫོང་དང་སྡེ་བ་སོགས་བརྒྱ་ཕྲག་ལྷག་ཅིག་གིས་གདན་འདྲེན་ལྟར་དུས་ཐུང་འཆད་ཁྲིད་ལ་ཕེབས་པས་མིག་མཐོང་ལག་ཟིན་གྱི་ཕན་བསྐྱེད་ཐོབ་ཅེས་སྤྱི་ཚོགས་ཁྲོད་ན་གླེང་།

         བརྩམས་ཆོས་ཀྱི་སྐོར་ལ་སྙན་རྩོམ་ལེགས་བཏུས་དུས་རབས་ཉེར་གཅིག་པའི་སྙིང་གཏམ་དང་།རྔ་ཡུལ་སྒོ་མང་དགོན་གྱི་གདན་རབས་ཆེན་མོ། ཤིང་བཟའ་པཎ་ཆེན་གྱི་རྟོགས་བརྗོད། མཛོད་དགེ་གླིང་བ་དགོན་གྲོང་གི་ལོ་རྒྱུས་རྒྱས་པ།(གཞན་དང་ལྷན་དུ་བྲིས)སུམ་རྟགས་དག་གསུམ་གྱི་ཁྲིད་ཐབས་དང་ཁྱད་ཆོས་ལས་འཕྲོས་ཏེ་བོད་ཀྱི་སྤྱི་སྐད་གླེང་བ། ལྷུག་རྩོམ་སྐད་ཆའི་ལང་ཚོ། བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་ཀྱི་ཟུར་འདེབས་སྟོང་ཐུན་ངག་གི་ལྡེ་མིག སྙན་འགྲེལ་ཡང་གསལ་སྣང་མཛོད་ཀྱི་ཟུར་རྒྱན་ངག་རིག་སྒྱུ་འཕྲུལ་འགུགས་པའི་ལྕགས་ཀྱུ། བཅོས་མིན་སེམས་ཀྱི་འཕར་སྒྲ། ཤར་འོད་དགོན་གྱི་གདན་རབས། བོད་ཆེན་པོའི་རྒྱལ་རབས་དེབ་ཐེར་དཀར་བོའི་མཆན་འགྲེལ་དཔྱོད་ལྡན་སྨྲ་བའི་འབབ་སྟེགས། བོད་ཀྱི་སྐར་རྩིས་རིག་པའི་བྱུང་འཕེལ། སྐར་རྩིས་ཀུན་འདུས་ནོར་བུའི་སྔོན་འགྲོའི་འགྲེལ་བ། ནག་རྩིས་ལས་སྔོན་འགྲོའི་སྐོར་གསལ་བར་བཤད་པ་བཅས་པོད་བཅུ་ལྷག་དཔར་བསྐྲུན་བྱས་ཟིན་ཅིང་། ཡང་དག་པའི་སློབ་གསོ། མངོན་བརྗོད་ཀྱི་གཞུང་དང་དེའི་རང་འགྲེལ། སྙན་རྩོམ་མུ་ཏིག་སུམ་བརྒྱ་བ། ལྷ་ལས་ཕུལ་བྱུང་གི་འགྲེལ་བ། བཤེས་སྤྲིང་རྒྱས་བཤད་སོགས་པོད་བཅུ་ཕྲག་ལྷག་ད་དུང་དཔར་བསྐྲུན་བྱེད་རྒྱུར་ལྷག་ཡོད། གཞན་དཔྱད་རྩོམ་དང་སྙན་རྩོམ། ལྷུག་རྩོམ། འཁྲབ་གཞུང་། སྤྱི་ཚོགས་གླེང་བརྗོད་སོགས་རྩོམ་ཡིག་སྟོང་ཕྲག་ལྷག་ཅིག་བྲིས་པ་ལས་འགའ་རེ་ཡིག་རིགས་གཞན་དུའང་བསྒྱུར་ཡོད། ཁོང་གིས་རྩོམ་སྒྲིག་བྱས་པའིདཔེ་ཆ་བཅུ་ཕྲག་ལྷག་མཆིས།

         རྒྱལ་ཡོངས་ཐེངས་གཉིས་པའི་གངས་རྒྱན་རྟགས་མའི་རྩོམ་ཡིག་གསར་རྩོམ་གྱི་གསེར་གྱི་རྟགས་མ་དང་། ཕུལ་བྱུང་དགེ་རྒན། ཕུལ་བྱུང་རྩོམ་པ་བོ་སོགས་ཞིང་ཆེན་དང་ཁུལ་རིམ་པའི་བྱ་དགའ་ཆེ་ཆུང་བཅུ་ཕྲག་ལྷག་ཙམ་ཐོབ་མྱོང་།

       ད་ལྟའང་སྔར་བཞིན་མི་རིགས་སློབ་གསོའི་བྱ་བཞག་དང་རྩོམ་རིག་འཕེལ་རྒྱས་སོགས་ཀྱི་ཆེད་དུ་ཐུགས་བྲེལ་ཤིན་ཏུ་ཆེའང་ཀློག་པ་བོ་དག་གི་སེམས་ཀྱི་གསོས་སྨན་དུ་གྱུར་བའི་རྩོམ་ཡིག་སྣ་ཚོགས་ཆད་མེད་དུ་སྤེལ་བཞིན་ཡོད་དོ། །


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/12/26 བལྟ་ཀློག (10643)