སངས་རྒྱས་ཤཱཀྱ་ཐུབ་པའི་རྡོ་བརྐོས་ལྷུང་བཟེད་རྙེད་འདུག

 སྤྱི་ལོ་༢༠༡༤ལོའི་སྤྱི་ཟླ་༡པོའི་ཚེས་༡༤ཉིན་རྒྱ་གར་གཞུང་གིས་གསལ་བསྒྲགས་སྤེལ་ཏེ་ཉེ་ལམ་ཨབ་གྷ་ནི་སི་ཐན་གྱི་རྒྱལ་ས་ཀཱ་པུར་གྱི་འགྲེམ་སྟོན་ཁང་ཞིག་ཏུ་གནའ་བོའི་ལྷུང་བཟེད་ཅིག་ལ་ཞིབ་འཇུག་བྱས་པ་བརྒྱུད་སྟོན་པ་བཅོམ་ལྡན་འདས་ཀྱི་ཡིན་པ་ར་འཕྲོད་ཡོད་ཟེར། རྒྱ་གར་གཞུང་གི་གནའ་རྫས་ཞིབ་འཇུག་སྡེ་ཚན་གྱི་ཞིབ་འཇུག་ཚོགས་ཆུང་ཞིག་གིས་འདས་པའི་ཟླ་ངོ་དྲུག་རིང་། ཨབ་གྷ་ནི་སི་ཐན་གྱི་རྒྱལ་ས་ཀཱ་པུར་(Kabul)ནང་གི་གནའ་རྫས་འགྲེམ་སྟོན་ཁང་ཞིག་གི་རྡོའི་ལྷུང་བཟེད་ཅིག་ལ། ཞིབ་འཇུག་བྱས་པ་བརྒྱུད་དེ་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་། ནང་པ་སངས་རྒྱས་པའི་ཆོས་ལུགས་སྲོལ་འབྱེད་པ་སངས་རྒྱས་ཤཱཀྱ་ཐུབ་པའི་དངོས་རྫས་ཤིག་ཡིན་པ་ར་འཕྲོད་བྱུང་ཡོད་སྐོར་དང་། གནའ་རྫས་རྩ་ཆེན་དེ་གང་མགྱོགས་ཕྱིར་རྒྱ་གར་ནང་གདན་འདྲེན་བྱ་རྒྱུ་ཡིན་སྐོར་སོགས་བསྒྲགས་འདུག  

༢༠༠༡ ལོ་ཙམ་ནས་ཁ་ཆེའི་འཇིགས་སྐུལ་རིང་ལུགས་པ་ཚོས་ཨབ་གྷན་གཙོས་པའི་དཀྱིལ་ཤར་ཡུལ་གྲུ་ཁག་ནང་དྲག་སྤྱོད་ཀྱི་བྱ་སྤྱོད་སྣ་ཚོགས་སྤེལ་དང་སྤེལ་བཞིན་ཡོད་སྟབས། ཨ་རི་དང་རྒྱ་གར་སོགས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས། ཨབ་གྷན་གྱི་ཧཱ་ཛཱ་ར་ཇ་ཌི་ ( Hazarajat)ནང་ཕྱི་ལོའི་དུས་རབ་དྲུག་པའི་ནང་གསར་བཞེངས་བྱས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བརྙན་མཐོ་ཚད་ཧྥི་ཊཱི་ ༡༨༠ ཅན་ཞིག་དང་། གཞན་མཐོ་ཚད་ ༡༢༠ ཅན་ཞིག་ཡོད་པ་དག་དང་། དེ་མིན། ཨབ་གྷབ་ཀྱི་འགྲེམ་སྟོན་ཁང་ཁག་ཅིག་ཏུ་ནང་། གནའ་བོ་རྒྱ་གར་གྱི་རིག་གཞུང་དང་འབྲེལ་བ་ཡོད་པའི་ནང་པའི་དངོས་རྫས་རྩ་ཆེན་ཁག་ཅིག་ཡོད་པ་དེ་དག་རྩ་མེད་བཟོ་སྲིད་པའི་སེམས་འཚབ་ཆེན་པོ་བྱས་ཡོད་ཀྱང་། ཐེངས་འདིར་ངོས་ཟིན་བྱུང་བའི་སངས་རྒྱས་ཀྱི་ལྷུང་བཟེད་དེར་དྲག་སྤྱོད་པ་ཚོས་གཏོར་བཤིག་མ་ཕོག་པའི་རྒྱུ་མཚན་གཙོ་བོ་ཞིག་ནི། ལྷུང་བཟེད་དེའི་ཕྱི་ནང་གཉིས་སུ་ཁ་ཆེའི་གསུང་རབ་ཡིག་ཕྲེང་དྲུག་ཅན་གྱི་ཤོ་ལོ་ཀ་ཞིག་བཀོད་ཡོད་སྟབས། ཁ་ཆེ་ཚོས་ཁོ་རང་ཚོའི་ཆོས་ལུགས་དང་འབྲེལ་བ་ཡོད་པ་ཞིག་ཏུ་ངོས་འཛིན་འོག་ད་བར་ཆགས་འཇིག་མེད་པར་གནས་པ་ཞིག་ཡིན་འདུག         

  ལྷུང་བཟེད་དེ་འཛེང་རྡོ་ཐལ་མདོག་ལས་གྲུབ་ཅིང་། པད་མའི་མེ་ཏོག་གི་གཟུགས་རིས་འཁོད་པ། དབྱིབས་དང་ཁ་མདོག་མཛེས་པའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་མཚོན་པའི་དངོས་པོ་རྩ་ཆེན་ཞིག་ཡིན་སྟབས། རྒྱ་གར་བྷེ་ཧར་མངའ་སྡེའི་ཡངས་པ་ཅན་ས་གནས་གྲོས་ཚོགས་འཐུས་མི་རག་གྷུ་ཝན་ཤི་(Raghuvansh Prasad Singh)ལགས་ཀྱིས། སྔར་ལའི་ཕྱི་ཟླ་ ༨ པར་གྲོས་ཚོགས་འོག་མའི་ནང་། ལྷུང་བཟེད་དེ་ངེས་པར་དུ་ཡངས་པ་ཅན་ལ་གདན་འདྲེན་ཞུ་དགོས་པའི་གླེང་སློང་བྱས་ཡོད་པ་དང་། ཉེ་ལམ་ཁོ་རང་རྒྱ་གར་གནའ་རྫས་ཞིབ་འཇུག་ཚན་པའི་གཙོ་འཛིན་པར་ཝན་( PravenSrivastava)དང་ཐུག་འཕྲད་བྱས་ཏེ། ཨབ་གྷན་ནང་ཞིབ་འཇུག་མི་སྣ་ཆེད་གཏོང་གིས་རྒྱ་གར་གྱི་གནའ་བོའི་དངོས་རྫས་དེ་དག་ལ་བདག་ཉར་བྱེད་དགོས་སྐོར་བརྗོད་ཡོད་སྟབས། སྐབས་དེར་རྒྱ་གར་གཞུང་གིས་ནཱག་པུར་ (Nagpur)ཞིབ་འཇུག་ཚན་པའི་ཨཱ་རབ་དང་པཱར་ཤཱི་ཡའི་རྡོ་བརྐོས་རི་མོའི་ཆེད་མཁས་པ་སྐུ་ཞབས་མི་ཤི་ར་དང་། སྐུ་ཞབས་ཁཱ་ཝ་ཇཱ་ (G S Khwaja)རྣམ་གཉིས་ཆེད་གཏོང་གིས་འདས་པའི་ཟླ་ངོ་དྲུག་རིང་ཞིབ་འཇུག་བྱས་མཐར། ལྷུང་བཟེད་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡིན་པ་ར་འཕྲོད་གསལ་བོ་བྱུང་ཡོད་འདུག       

  ཚེས་༡༤ཉིན་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་བློན་ཆེན་གཞོན་པ་ཁཱར་ ( PreneetKaur )ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཐོག   རྒྱ་གར་གཞུང་ཚབ་ལས་ཁུངས་བརྒྱུད་ཤེས་རྟོགས་བྱུང་བར་འདས་པའི་ཟླ་དྲུག་རིང་གནའ་རྗས་ཞིབ་འཇུག་ཚན་པས་ཞིབ་འཇུག་བྱས་པ་བརྒྱུད་དེ། ཨབ་གྷན་རྒྱལ་ས་ཀཱ་པུར་ནང་ཡོད་པའི་ལྷུང་བཟེད་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡིན་པ་ར་སྤྲོད་བྱུང་ཡོད་ཅེས་བརྗོད་འདུག         

 རྒྱ་གར་གནའ་རྫས་ཞིབ་འཇུག་ཚན་པའི་སྙན་ཐོའི་ནང་། ལྗིད་ཚད་( km 350)ནས་ (km 400)བར་དང་། མཐོ་ཚད་ཧྤི་ཊཱི་( Foot 5.7)ཞེང་ཚད་(cm 18)། མཐིལ་ལ་མེ་ཏོག་པད་མ་དང་ཕྱི་ངོས་དང་ནང་ངོས་སུ་ཁ་ཆེའི་གསུང་རབ་ཀྱི་ཚིག་ཕྲེང་ ༦ ཡོད་པའི་རྡོ་བརྐོས་ལྷུང་བཟེད་དེ་སངས་རྒྱས་ཤཱཀྱ་ཐུབ་པའི་དངོས་པོ་ཡིན་པ་དང་། ༡༨༨༣ ལོར་ཀཱ་ལི་ཀ་ཐཱར་འདོན་སྤེལ་བྱས་པའི་རྡོ་བརྐོས་ཡིག་རིགས་སྙན་ཐོ་ཞིག་གི་ནང་། དུས་རབས་ ༣ པའི་ནང་རྒྱ་ནག་ནས་རྒྱ་གར་ལ་ནང་ཆོས་སློབ་གཉེར་བྱེད་པར་ཡོང་མཁན་ཕཱ་ཧན་ ( FaHien )དང་། དུས་རབས་ ༩ པའི་ནང་ཐང་སན་བླ་མ་(Hiuen Tsang)བཅས་ཀྱི་གསུང་རབ་ཁག་ཏུའང་ལྷུང་བཟེད་དེའི་སྐོར་བཀོད་ཡོད་ཚུལ་བསྟན་ཡོད་འདུག       

 ལྷུང་བཟེད་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཡུལ་ཡངས་པ་ཅན་ནས་ཀུ་ཤི་ཎཱ་ཀཱར་ལ་ཕེབས་མཁར། ཡུལ་ཡངས་པ་ཅན་གྱི་གདུལ་བྱ་ཚོར་དྲན་བརྟེན་ཆེད་གསོལ་རས་སུ་བསྩལ་བ་ཞིག་ཡིན་པ་དང་།   ཕྱི་ལོའི་དུས་རབས་ ༢ པའི་ནང་ལྷུང་བཟེད་དེ་སྙན་གྲགས་ཆེ་བའི་རྒྱ་གར་ཀུ་ཤན་རྒྱལ་པོ་ཀཱ་ནི་ཤི་ཁཱ་( Kanishka)ཡིས་ཡུལ་ཡངས་པ་ཅན་ནས་ཁོ་རང་གི་རྒྱལ་ས་པེ་ཤི་ཝར་ ( Peshwar)གདན་ཞུ་དང་། དེའི་རྗེས་ཀན་དྷ་ཧར་ ( Kandahar)ནང་གདན་འདྲེན་ཞུས་ཡོད་འདུག ༡༩༨༠ ལོར་ཨབ་གྷན་དུ་ནང་འཁྲུག་བྱུང་སྐབས་སྲིད་འཛིན་ནཱ་འཇི་ལྦུ་ལཱ་ ( Najibullah)ལགས་ཀྱིས་ལྷུང་བཟེད་དེའི་ཕྱི་ནང་དུ་ཁ་ཆེའི་གསུང་ཚིག་བཀོད་ཡོད་མཐོང་སྟེ། ལོ་རྒྱུས་རང་བཞིན་ལྡན་པའི་ཁ་ཆེའི་སྟོན་པ་ཞིག་གི་ཤུལ་བཞག་ཡིན་པར་ཡིད་ཆེས་བྱས་ཏེ། རྒྱ་གར་ནས་ཨབ་གྷན་གྱི་<རྒྱལ་ས་ཀཱ་པུར་ ( kabul)གྱི་འགྲེམ་སྟོན་ཁང་ནང་གདན་འདྲེན་ཞུས་ཏེ་ཉར་ཚགས་བྱས་པ་ཞིག་ཡིན་འདུག


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/1/16 བལྟ་ཀློག (4014)