སྨད་འཚོང་མ་དོ་དམ་བྱ་ཐབས་སྐོར།

 

དྲི་བ།  བོད་ཁུལ་སྨད་འཚོང་མ་དག་ཇི་ལྟར་དོ་དམ་བྱ་དགོས། 
དྲིས་ལན།
        སྤྱི་ལོ༡༩༥༩ལོར་སྲིད་གཞུང་གིས་བཙན་ཤེད་ཀྱིས་ཀྲུང་གོ་རྒྱལ་ཁབ་ཏུ་སྨད་འཚོང་མ་རྩ་མེད་བྱས་པ་རེད།  ཡིན་ནའང་།   ལོ་རབས་བརྒྱད་ཅུ་པའི་མཇུག་ཙམ་ལ་སྨད་འཚོང་གི་ནད་རོ་དེ་ཕྱིར་སོས་ནས་རིམ་བཞིན་དར་ཁྱབ་ཏུ་སོང་ཞིང་།    དེང་སང་ནི་སྨད་འཚོང་གི་ལས་རིགས་འདི་ཁྲིམས་མཐུན་མ་ཡིན་རུང་ཡུལ་ལུང་སོ་སོར་ལ་ཁྱབ་ལུང་ཁྱབ་ཏུ་སོང་འདུག་ཅིང་།     ཉེ་ཆར་ང་ཚོས་ཤེས་གསལ་ལྟར་ན་བོད་ཁུལ་གྱི་ས་ཆ་ལ་ལར་དབྱར་རྩྭ་དགུན་འབུ་རྐོ་བའི་སྐབས་སུའང་ནང་ལོག་གི་སྨད་འཚོང་མ་དག་རི་མགོར་སོང་ནས་སྨད་འཚོང་གི་ལས་ཀ་སྤེལ་གྱིན་འདུག་ཅིང་།   ཁོང་ཚོའི་ལ་ལ་ཞིག་གིས་ཐད་ཀར་སྒོར་མོ་མི་ལེན་པར།    དབྱར་རྩྭ་དགུན་འབུ་ཆེན་པོ་ཡིན་ན་འབུ་རྐང་གཅིག་གིས་ལུས་འབྲེལ་ཐེངས་གཉིས་རེར་བྱ་ཆོག་པའམ།   དབྱར་རྩྭ་དགུན་འབུ་ཆུང་ཆུང་ཡིན་ན་འབུ་རྐང་གཉིས་ཀྱིས་ལུས་འབྲེལ་ཐེངས་གཅིག་རེ་བྱ་ཆོག་པའི་ལམ་ལུགས་བཏོན་འདུག་པར་བཤད་ཅིང་།   དེ་ལྟར་བྱས་སྐབས་ས་གནས་ཀྱི་བོད་པ་ཚོས་སེམས་ལ་རང་གི་ཨམ་ཕྲག་ནང་གི་སྒོར་མོ་གཏོང་མི་དགོས་པ་འདྲ་ཞིག་ཡིན་པས།   ཁོང་ཚོའི་སེམས་ལ་ས་ནས་རྙེད་པ་གང་ཞིག་ས་རུ་ཐུམ་སོང་བའི་ཚོར་བ་ལས་སྒོར་མོ་ཤོར་བའི་ཕངས་སེམས་མི་འདུག་པས་གཏོང་ཕོད་ཆེན་པོ་འདུག་ཅེས་འཕྱ་བརྗོད་བྱེད་ཀྱིན་འདུག    ད་རུང་སྨད་འཚོང་མ་ལ་ལར་ཁྱེད་ལ་ནད་ཡོད་དམ་ཞེས་དྲིས་དུས།    ང་ལ་ནད་མེད།    ཡོད་ཀྱང་སྐྱོན་མེད།    ང་ལ་ཁོལ་ཁོལ་ཁུ་ནག་ཡོད།   ཁྱོད་ཀྱིས་ལུས་འབྲེལ་བྱས་རྗེས་མཚན་མར་ཁོལ་ཁོལ་ཁུ་ནག་བྱུག་ན་ནད་ཅི་ཡོད་ཀྱང་དུག་སེལ་བྱ་ཐུབ་ཅེས་རྫུན་ཤོད་པ་དང་།    ཡང་སྨད་འཚོང་མ་ལ་ལ་ཞིག་གིས་སྨད་འཚོང་བྱ་བའི་གོ་རིམ་ཁྲོད་ནས་སྲུང་ཤུབས་བེད་སྤྱོད་བྱ་དགོས་པའི་རེ་བ་འདོན་གྱིན་མེད་ཅིང་།    ལ་ལས་རེ་བ་ཙམ་བཏོན་རུང་སྒོར་མོ་ལྷག་མ་བྱིན་ན་སྲུང་ཤུབས་གྱོན་མི་དགོས་པའི་བྱེད་ཐབས་སྤྱོད་ཀྱིན་འདུག   འདི་ནི་ཤིན་ཏུ་ནས་ཉེན་ཁ་ཅན་ཞིག་ཡིན་ལ།  ངེས་པར་དུ་དོ་དམ་ནན་པོ་ཞིག་མ་ཐུབ་ཚེ་ཁྲིམས་འགལ་གྱི་སྤྱོད་པ་དེ་རྒྱ་ཁྱབ་ཏུ་འགྲོ་བའི་ཉེན་ཁ་འདུག་ཅིང་།   རྒྱ་ཁྱབ་ཏུ་སོང་ན་ཆེས་མཐའ་མཇུག་གི་དག་པའི་ཞིང་ཁམས་འདི་ཆེས་ཐོག་མའི་དམྱལ་བའི་ཡུལ་ཁམས་སུ་མི་བསྒྱུར་བའི་ངེས་པའང་མི་འདུག་པས་ཅེས་ཀྱང་བཀག་སྡོམ་ནན་པོ་བྱ་དགོས།   ཡིན་ནའང་།  སྨད་འཚོང་མའང་མི་ཡིན་ལ།  ཁོང་ཚོས་ཀྱང་འཚོ་བ་རོལ་དགོས་པས།  ཁོང་ཚོའི་མི་གཞི་ལ་མཐོང་ཆུང་བྱ་མི་རུང་ཞིང་དཔལ་འབྱོར་ལ་གྱོང་གུད་གཏོང་ག་ལ་རུང་། 

   ཡང་གཅིག་བྱས་ན། ཉོ་མཁན་མེད་ན་བཙོང་མཁན་ཞིག་ཡོད་མི་སྲིད་པས།  དང་པོ་ཉོ་མཁན་ལ་སློབ་གསོ་གཏོང་བ་ནས་མགོ་བརྩམ་སྟེ།  ཉོ་མཁན་དང་འཚོང་མཁན་སུ་ཞིག་ཡིན་རུང་སྤྱི་ཚོགས་ལ་གནོད་པ་ཡོད་པའི་བྱ་སྤྱོད་སྤེལ་ན་ཁྲིམས་འགལ་ཡིན་ལ།  ཆོས་ཕྱོགས་ནས་གླེང་ན་སྡིག་པའང་ཡོད་པ་ཞིག་ཡིན་པས།   ཆོས་དང་འཇིག་རྟེན་གཉིས་པོའི་སྟེང་ནས་སློབ་གསོ་བཏང་ན་བཟང་བར་སྙམ།   དེ་མིན་སྨད་འཚོང་བྱ་བའི་གོ་རིམ་ཁྲོད་ནས་ཐོག་མཐའ་བར་གསུམ་དུ་སྲུང་ཤུབས་གྱོན་དུ་འཇུག་པའི་སློབ་གསོ་དང་འབྲེལ་ཡོད་ཐེ་གཏོགས་བྱ་རྒྱུའང་མེད་ཐབས་མེད།   ཐེ་གཏོགས་བྱ་ཐབས་ཀྱི་སྐོར་ལ་ཁོང་ཚོའི་ཡོང་འབབ་ཁ་གསབ་ཀྱི་ཐབས་ལམ་ཡོད་རུང་།   དེ་ནི་མི་སྒེར་རམ་ཚོགས་པ་ཞིག་གིས་གསབ་ཟེར་ན་རྩ་བ་ནས་ནུས་པས་མི་ལྕོགས་པ་ཞིག་ཡིན་ཞིང་།   བརྒྱ་ལ་ལྕོགས་པའི་དབང་དུ་བཏང་རུང་སྤྱི་ཚོགས་ལ་སྨད་འཚོང་མ་མང་པོ་དར་བར་སྐུལ་མ་གཏོང་གིན་པ་དང་གཅིག་མཚུངས་ཡིན་པས།   ཁྲིམས་དང་འདི་གའི་རིག་གནས་ལའང་མི་མཐུན།   དེ་བས་ཁོང་ཚོའི་མ་འོངས་འཚོ་བའི་ཕུགས་འདུན་དང་སྔར་སྨད་འཚོང་བྱ་དགོས་པའི་དམིགས་ཡུལ་སོགས་ལ་ཞིབ་འཇུག་དང་རྒྱུས་ལོན་བྱས་ཏེ།  ཁོང་ཚོའི་ལས་ཞུགས་སོགས་གནད་དོན་གཞན་པ་ཐག་གཅོད་པ་བརྒྱུད་ནས་སློབ་གསོ་གཏོང་ཐུབ་ན།  ད་གཟོད་ཕན་ཐོགས་པར་སྙམ།  དཔེར་ན།  སྤྱི་ཚོགས་ཀྱིས་སྨད་འཚོང་མར་མཐོང་ཆུང་མི་བྱེད་པ་དང་སྨད་འཚོང་མ་ཚོང་ལམ་གཞན་པར་ཞུགས་ཚེ་སྤྱི་ཚོགས་ཀྱིས་ཁོང་ཚོར་དམིགས་བསལ་གྱི་རོགས་རམ་བྱ་བ་དང་།  སྨད་འཚོང་མར་ནུས་རྩལ་གསར་བ་སློབ་པའི་མོས་པ་ཡོད་ན་གསོ་སྦྱོང་སོགས་སུ་ཞུགས་པའི་གོ་སྐབས་སྟེར་བ་དང་།  ཁོང་ཚོ་སྤྱི་ཚོགས་དགེ་ཕན་གྱི་ལས་ཀར་ཞུགས་འདོད་ཡོད་ན་སྤྱི་ཚོགས་ཀྱིས་སྐུལ་མ་བྱེད་པ་དང་ངོ་སོ་བསྟོད་པ་སོགས་བྱས་ན།  ད་གཟོད་སྨད་འཚོང་མ་དག་སྨད་འཚོང་གི་ལས་རིགས་སྤེལ་མཁན་ཇེ་ཉུང་དུ་གཏོང་ཐུབ་པའི་གོ་སྐབས་ཡོད་པར་སྙམ་མོ། །


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2014/2/19 བལྟ་ཀློག (42258)