སྦྲང་དཀར་རྩམ་པ་བཤད།

གླིང་བ་བྱང་རིག་ཁོས།

འཛམ་གླིང་མགོ་ནག་བོད་མིའི། །

ཐུན་མོང་ཟས་ཀྱི་མཆོག་གྱུར། །

བཅུད་ལྡན་སྦྲང་དཀར་རྩམ་པར། །

ཁྱད་གོས་མང་དུ་འཛོམས་པ། །

བརྒྱ་གོ་གཅིག་ཆོད་ཟས་མཆོག །

གངས་ཅན་བོད་མི་ཡོངས་ཀྱི། །

སྤྱི་མཐུན་ལས་ཀྱི་ཟས་སྐལ། །

འབྲི་མར་སེར་བོར་སྦྱར་ན། །

ལུས་ཟུངས་གསོ་བའི་བཅུད་ཡིན། །

ཕྱེ་མ་ཕུར་མ་བྱས་ན། །

རྒྱལ་བ་དགྱེས་པ་བྱེད་ཅིང་། །

འགྲོ་དྲུག་སེམས་ཅན་ཚིམ་པ། །

ལན་ཆགས་བུ་ལོན་སེལ་བའི། །

མཆོད་རྫས་ཕུན་སུམ་ཚོགས་པ། །

གཡང་ལྷུང་བརྡབས་དང་བསྣད་པ། །

ཟུག་གཟེར་དྲག་པོའི་གནས་ལ། །

ཕུར་མཉེད་བྱེད་པར་བཀོལ་ན། །

ཨ་ནའི་ཟུག་པ་འཇོམས་ལ། །

ལུས་ལ་བདེ་བ་སྟེར་བྱེད། །

མི་གཙང་བཙོག་པའི་གྲིབ་སྐྱོན། །

བདུག་པས་རྨེག་མེད་སེལ་ནུས། །

རླུང་ལྔས་བྱེད་ལས་ཉམས་ཏེ། །

རྣམ་པ་གཞན་དུ་གྱུར་ཚེ། །

མར་རྙིང་གོ་སྙོད་སྦྱར་ནས། །

མདུན་རྒྱབ་སྲོག་རྩ་ཕུར་ན། །

ཕྲལ་དུ་བདེ་བ་སྦྱིན་ངེས། །

རྒན་ཁོག་རླུང་ནད་ཅན་ལ། །

རྩམ་ཕྱེ་རྐྱང་རྐྱང་བདུག་ན། །

ཐོར་བུའི་རླུང་ནད་སེལ་བ། །

གྱེན་རྒྱུའི་རླུང་ཉིད་འཁྲུགས་ཏེ། །

སྐྱིགས་བུ་ཡང་ཡང་བྱེད་ནས། །

སྲོག་གི་དབང་བོར་རྔམ་ཡང་། །

སྐེ་སྟོང་རྩམ་པས་ཕུར་ན། །

སྐྱིགས་བུའི་ནད་ལས་གྲོལ་བ། །

ལུས་ཀྱི་རྩ་ཕྲན་ཁག་གི །

བྱེད་ལས་ནུས་པ་ཉམས་ཏེ། །

སྐམ་སྦྲིད་ཚོར་བ་མེད་པའི། །

གནས་ལ་ཡང་ཡང་ཕུར་ན། །

རྩ་ཕྲན་མང་བོའི་བྱེད་ལས། །

རིམ་གྱིས་ཉམས་པ་སོར་ཆུད། །

གཉིད་མི་ཁུག་པའི་ནད་པར། །

ཨ་གར་སོ་ལྔར་སྦྱར་ནས། །

ཁ་སྣ་རྣ་བར་བདུག་ན། །

གཉིད་ཀྱི་བདེ་བ་བསྩལ་ངེས། །

མདོར་ན་སྦྲང་དཀར་རྩམ་པ། །

ཟུངས་བདུན་གསོ་བའི་བཅུད་ཡིན། །

རྩ་དང་རླུང་གི་ནད་སོགས། །

མ་ལུས་འཇོམས་པའི་སྨན་ཡིན། །

རབ་འབྱམས་རྒྱལ་བའི་དཀྱིལ་འཁོར། །

ལྷ་སྲུང་ཆོས་སྐྱོང་ཡེ་ཤེས། །

ཐམས་ཅད་མཆོད་པའི་རྫས་ཡིན། །

མཆོད་རྫས་མཆོག་ཏུ་གྱུར་བ། །

གངས་ཅན་བོད་མི་མ་གཏོགས། །

དེ་འདྲའི་ཟས་མཆོག་མེད་དོ། །

བློ་དམན་བདག་འདྲ་ཞིག་གིས། །

ཁྱད་ཆོས་དེ་འདྲ་མ་གཏོགས། །

བརྗོད་པའི་རྣམ་དཔྱོད་མ་མཆིས། །

ཟས་མཆོག་འདི་ཡི་ཁྱད་ཆོས། །

དཔྱོད་ལྡན་མཁས་པར་དྲིས་དང་། །

ད་རུང་རྫོགས་མཐའ་མེད་དོ། །


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/2/21 བལྟ་ཀློག (4373)