གོས་རྙིང་བ་ལས་ནད་འགོས་པ་ཤེས།

རྨེ་གྲྭ་ཚེ་རིང་བསམ་འགྲུབ།

     གྱོན་ཆས་རྙིང་བ་དེ་དག་ནི། དུས་རབས་གསར་བའི་ནང་ནུབ་ཕྱོགས་སུ་དར་རྒྱས་སོང་བའི་རྒྱལ་ཁབ་དག་གིས་རང་ལ་མ་མཁོ་བའི་གྱོན་ཆས་ཀྱི་རིགས་རྙིང་བ་སྣ་ཚོགས་ཤར་ཕྱོགས་ཀྱི་རྒྱལ་ཁབ་དག་ལ་སྐྱེལ་འདྲེན་བྱས་ནས་འོང་བའི་གོས་རྙིང་དང་། རྒྱལ་ནང་ནི་གྲོང་ཁྱེར་དག་ལས་དབུལ་སྐྱོར་གྱི་གྱོན་གོས་རྙིང་བ། མ་མཁོ་བར་དོར་བ། ལྷག་ཏུ་དེང་སང་ཉེན་ཁ་ཆེ་བ་ནི་སྨན་ཁང་ནས་མི་ཤི་བའི་གོས་དང་། ནད་ཅན་གྱི་མིས་གོས་རྙིང་སྨན་ཁང་གི་ཆེད་དུ་དོར་ཡོད་ས་ནས་མང་པོ་བླངས་ཏེ། བཀྲུ་བ་དང་གཉེར་ལེན་པ་སོགས་བཟོ་བཅོས་ཡག་ཙམ་བརྒྱབ་ནས་ཚོང་ཁྲོམ་ར་བ་དག་ན་བཤམས་ཏེ།མང་ཆེ་བ་གསར་བ་ཡིན་པའི་རྣམ་པ་བསྟན་ནས། རྟགས་རྫུན་མ་རེ་བསྒྱར་ནས་འཚོང་གིན་འདུག་པ་ཤེས་རྟོགས་བྱུང་། གྱོན་པ་དེ་དག་ཉོས་ནས་གྱོན་མཁན་གྱི་མི་ལ་གནད་དོན་བྱུང་ཡོད་པ་ནི། གྱོན་ཆས་དེ་ལས་ནད་ངན་སྣ་ཚོགས་འགོས་ནས་ཡོད་པ། དབང་པོ་ལ་སྐྱོན་ཞུགས་པ། པགས་ནད་སྣ་ཚོགས་འགོས་པ་ཤེས་རྟོགས་བྱུང་། ཞིབ་འཇུག་པས་བརྟགས་དཔྱད་ལས་ཤེས་གསལ་ལྟར་ན། གོས་རྙིང་དེ་དག་གི་ཕྱིའི་རྣམ་པ་ཙམ་ལ་བལྟས་ན་གཙང་མ་ཞིག་བཀྲུས་ནས་གསར་བ་ལྟར་བཟོས་ཡོད་ཀྱང་། ད་དུང་ནང་ན་འབུ་ཕྲ་གསོད་མི་ཐུབ་ལ། མིག་གིས་ཀྱང་མི་རིགས་པའི་ནད་སྐྱེད་བྱེད་མང་དུ་ལུས་འདུག་པར་བཤད། གོས་རྙིང་དེ་དག་གྱོན་མཁན་གྱི་མི་ལ་ནད་སྣ་ཚོགས་བྱུང་གིན་ཡོད་པ་ངོས་ཟིན། ལྷག་ཏུ་མི་ནད་ཅན་ཞིག་གི་གྱོན་ཆས་ལས་ནད་འགོས་ཚད་ནི་བརྒྱ་ཆའི་༦༠ ཡན་ཡིན། དེས་པ་ཧ་ཅང་ཉེན་ཁ་ཆེ་བའི་གོས་རྙིང་དག་ཉོ་བ་ནི་ཁེ་ཕན་ལས་ཉེན་ཁ་ཆེ་བས་རྗེས་ཕྱོགས་རང་གིས་ཉམས་འཇོག་དགོས་ས་ཆེན་པོ་ཞིག་ཡིན། ལྷག་ཏུ་རིན་གོང་བདེ་བོའི་རིགས་ནི་རྣམ་པ་གསར་བ་ལྟར་སྣང་ཡང་དོན་དུ་རྙིང་བ་ཡིན་པ་ཧ་ཅང་མང་། གོས་དེ་ཉོ་སྐབས་ཞིབ་ཏུ་བརྟག་དགོས། དེས་ན་ཚོང་ར་དག་ལས་གྱོན་ཆས་ཉོ་སྐབས་རྙིང་བ་ཡིན་མིན་བརྟག་ཐབས་འགའ་ཡོད་པ་གཤམ་གསལ་ལྟར་ཡིན།

    ༡ གྱོན་པ་དེའི་བར་གསེང་གི་ཁ་དོག་དང་གོང་སྣེ་དང་འཕུར་ཁའི་ཁ་དོག་གཉིས་ལ་རྒྱུན་ལྡན་མིན་པའི་འགྱུར་བ་སོང་ཡོད་པ་དང་། གོང་སྣེ་འཕུར་སྣེ་སོགས་ན་ཟད་པ་དང་ཐེད་པའི་ངན་རྟགས་མངོན་ནས་ཡོད་སྲིད་པ།

    ༢ ཚོང་ཁང་དེ་ཚད་ལྡན་གྱི་གྱོན་ཆས་དགྲམ་ས་ཡིན་མིན་དང་། རིན་གོང་གཞན་ལས་སྟབས་བདེ་ཡིན་ནའང་གནད་དོན་ཡོད་པའི་རྟགས་ཡིན་པས་ཉམས་འཇོག་དགོས།

    ༣ གལ་ཏེ་གྱོན་ཆས་དེ་ཚད་ལྡན་བཟོ་གྲྭ་ལས་གསར་བ་ཐོན་པ་ཡིན་ན། ཚོང་ཁང་དེ་ལ་གྱོན་ཆས་དེའི་རིགས་གཅིག་ཡིན་ལ་ཆེ་ཆུང་སྣ་ཚོགས་ཡོད་པ་དང་། གྱོན་ཆས་འདྲ་བ་ཡིན་ལ་ཁ་དོག་སྣ་ཚོགས་འདེམ་རྒྱུ་ཡོད་པ་ཡིན་ན་རྙིང་བ་མ་ཡིན་པའི་རྟགས་མཆོག་ཏུ་གྱུར་བ་ཞིག་ཡིན། གྱོན་པ་དེ་གཅིག་པོ་ལས་མེད་པ། ཁ་དོག་དང་ཆེ་ཆུང་ཡང་འདེམ་རྒྱུ་མེད་པར་ཚོང་བས་ཟད་སོང་བ་རེད་ཅེས་ལབ་ན་གནད་དོན་ཡོད་སྲིད། དེང་སང་ལྷག་ཏུ་མཐོ་སྒང་གི་ས་ཆ་སོ་སོ་ན་གོས་རྙིང་གི་ཚོང་ལས་དར་ཁྱབ་དུ་འགྲོ་བཞིན་ཡོད་པས། འདི་ཕྱོགས་ལ་བསམ་བློ་ལྷག་མ་དང་ཉམས་འཇོག་བྱེད་དགོས་པའི་གནད་དོན་གསར་བ་ཞིག་ཡིན།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/2/24 བལྟ་ཀློག (38688)