འཛད་སྤྱོད་པས་ཐབས་ལམ་དྲུག་བརྒྱུད་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཆོག།

 

   དང་པོ།   འཛད་སྤྱོད་པས་ཚོང་ཟོག་ཉོ་བའམ་བེད་སྤྱོད་བྱེད་སྐབས།  རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གྱོང་གུན་ཕོག་ན།   ཚོང་པར་སྐྱིན་ཚབ་སྤྲོད་རྒྱུའི་རེ་འདུན་ཞུས་ཆོག་ཅིང་།  ཚོང་པས་སྐྱིན་ཚབ་སྤྲད་རྗེས།   ཐོན་སྐྱེད་བྱེད་པོའི་འགན་འཁྲིའི་ཁོངས་སུ་གཏོགས་པའམ་ཚོང་པར་དངོས་ཟོག་མཁོ་འདོན་བྱེད་པའི་ཚོང་པ་གཞན་གྱི་འགན་འཁྲིའི་ཁོངས་སུ་གཏོགས་པར་གཞིགས་ནས།   ཐོན་སྐྱེད་བྱེད་པོའམ་ཚོང་པ་གཞན་དེར་སྐྱིན་ཚབ་བདའ་འདེད་བྱེད་པའི་དབང་ཆ་ཡོད།

  གཉིས་པ།  འཛད་སྤྱོད་པའམ་གནོད་འཚེ་ཕོག་མཁན་གཞན་ཚོང་ཟོག་གི་སྐྱོན་ཆས་རྐྱེན་པས་མི་ལུས་སམ་རྒྱུ་ནོར་ལ་གྱོང་གུན་ཕོག་ན།  ཚོང་པར་སྐྱིན་ཚབ་སྤྲོད་རྒྱུའི་རེ་འདུན་ཞུས་ཆོག་ལ།   ཐོན་སྐྱེད་བྱེད་པོར་ཡང་རེ་འདུན་ཞུས་ཆོག  ཐོན་སྐྱེད་བྱེད་པོའི་འགན་འཁྲིའི་ཁོངས་སུ་གཏོགས་ན།   ཚོང་པས་སྐྱིན་ཚབ་འཇལ་རྗེས།   ཐོན་སྐྱེད་བྱེད་པོར་སྐྱིན་ཚབ་བདའ་འདེད་བྱེད་པའི་དབང་ཆ་ཡོད།   ཚོང་པའི་འགན་འཁྲིའི་ཁོངས་སུ་གཏོགས་ན།   ཐོན་སྐྱེད་བྱེད་པོས་སྐྱིན་ཚབ་སྤྲད་རྗེས།   ཚོང་པར་སྐྱིན་ཚབ་བདའ་འདེད་བྱེད་པའི་དབང་ཆ་ཡོད།  འཛད་སྤྱོད་པས་ཞབས་ཞུ་དང་ལེན་བྱེད་སྐབས།   རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གྱོང་གུན་ཕོག་ན།  ཞབས་ཞུའི་མི་སྣར་སྐྱིན་ཚབ་སྤྲོད་པའི་རེ་འདུན་ཞུས་ཆོག

    གསུམ་པ།   འཛད་སྤྱོད་པས་ཚོང་ཟོག་ཉོ་སྒྲུབ་དང་།   བེད་སྤྱོད་གཏོང་བའམ་ཡང་ན་ཞབས་ཞུ་དང་ལེན་བྱས་ནས།   རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གྱོང་གུན་ཕོག་སྐབས།   སྔར་གྱི་ཁེ་ལས་ཁ་གྱེས་ཟུར་འཛུགས་བྱས་པའམ་ཟླ་སྒྲིལ་བཏང་ན།   ཁེ་ལས་བསྒྱུར་བཅོས་བྱས་པའི་རྗེས་ཀྱི་དེའི་དབང་ཆ་དང་འོས་འགན་འཁྱེར་བའི་ཁེ་ལས་ལ་སྐྱིན་ཚབ་སྤྲོད་པའི་རེ་འདུན་ཞུས་ཆོག།

    བཞི་པ།   མི་གཞན་གྱི་ཚོང་གཉེར་ལག་འཁྱེར་བེད་སྤྱོད་བྱས་ནས་ཁྲིམས་འགལ་གྱི་ཚོང་གཉེར་བྱས་ཏེ་ཚོང་ཟོག་དང་ཞབས་ཞུ་མཁོ་འདོན་བྱས་ནས།  འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གྱོང་གུན་ཕོག་ན།  འཛད་སྤྱོད་པས་མི་དེ་གར་སྐྱིན་ཚབ་སྤྲོད་རྒྱུའི་རེ་འདུན་ཞུས་ཆོག་ལ།  ཚོང་གཉེར་ལག་འཁྱེར་བདག་གིར་འཛིན་པའི་མིར་སྐྱིན་ཚབ་སྤྲོད་རྒྱུའི་རེ་འདུན་ཞུས་ཆོག།

    ལྔ་པ།  འཛད་སྤྱོད་པས་བཀྲམ་ཚོང་ཚོང་འདུས་དང་།  བོགས་གཡར་ཚོང་སྒྲོམ་ནས་ཚོང་ཟོག་ཉོ་སྒྲུབ་བྱས་པའམ་ཞབས་ཞུ་དང་ལེན་བྱ་སྐབས།  རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གྱོང་གུན་ཕོག་ན།  ཚོང་པའམ་ཞབས་ཞུའི་མི་སྣར་སྐྱིན་ཚབ་སྤྲོད་པའི་རེ་འདུན་ཞུས་ཆོག་ཅིང་།   བཀྲམ་ཚོང་ཚོང་འདུས་མཇུག་སྒྲིལ་བའམ་བོགས་གཡར་དུས་ཚོད་ཐིམ་ན།  བཀྲམ་ཚོང་ཚོང་འདུས་འཛུགས་གཉེར་མི་སྣ་དང་ཚོང་སྒྲོམ་བོགས་མར་གཏོང་མཁན་ལ་སྐྱིན་ཚབ་སྤྲོད་རྒྱུའི་རེ་འདུན་ཞུས་ཆོག་ཅིང་།  བཀྲམ་ཚོང་ཚོང་འདུས་ཀྱི་འཛུགས་གཉེར་མི་སྣ་དང་ཚོང་སྒྲོམ་བོགས་མར་གཏོང་མཁན་གྱིས་སྐྱིན་ཚབ་སྤྲད་རྗེས།  ཚོང་པའམ་ཞབས་ཞུའི་མི་སྣར་སྐྱིན་ཚབ་བདའ་འདེད་བྱེད་པའི་དབང་ཆ་ཡོད།

   དྲུག་པ།  ཚོང་གཉེར་མི་སྣས་མཚམས་སྦྱོར་བརྡ་ཁྱབ་རྫུན་མ་བེད་སྤྱད་ནས་འཛད་སྤྱོད་པར་ཚོང་ཟོག་གམ་ཞབས་ཞུ་མཁོ་འདོན་བྱས་ནས། འཛད་སྤྱོད་པའི་ལུགས་མཐུན་ཁེ་དབང་ལ་གྱོང་གུན་ཕོག་ན།  ཚོང་གཉེར་མི་སྣར་སྐྱིན་ཚབ་སྤྲོད་པའི་རེ་འདུན་ཞུས་ཆོག་ཅིང་། མཚམས་སྦྱོར་བརྡ་ཁྱབ་ཀྱི་ཚོང་གཉེར་མི་སྣས་བརྡ་ཁྱབ་རྫུན་མ་ཁྱབ་སྤེལ་བྱས་ན།  འཛད་སྤྱོད་པས་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཆད་གཅོད་ཀྱི་རེ་ཞུ་བྱས་ཆོག།

མཚམས་སྦྱོར་བརྡ་ཁྱབ་ཚོང་གཉེར་མི་སྣས་མིང་དང་ས་གནས་ཇི་མ་ཇི་བཞིན་མཁོ་འདོན་མ་བྱས་ན། སྐྱིན་ཚབ་སྤྲོད་རྒྱུའི་འགན་འཁྲི་འཁྱེར་དགོས།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/3/16 བལྟ་ཀློག (35003)