མཚོ་སྔོན་པོའི་བུ་མོ། གཞས་གསར་འོས་སྦྱོར།


           ཕ་ཡུལ་འབའ་ཐང་ནས་ལང་ཚོའི་མེ་ཏོག་གསར་དུ་བཞད་པའི་ན་ཆུང་གཞས་མ་འབའ་ཐང་བ་ཡེ་ཤེས་ལྷ་མོ་ནི་ཆུང་དུས་ནས་གླུ་གར་ལ་དགའ་བ་མ་ཟད་མོ་རང་གི་སྦྱང་སྟོབས་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་སྒྱུ་རྩལ་སློབ་གྲྭ་ནས་སློབ་མཐར་ཕྱིར། མ་ཚད་དེའི་ཡར་སྔོན་གཟི་ཚ་སྡེ་དགུ་དང་མཚོ་སྔོན་བདེ་ལྡན་གླིང་རེབ་སྐོང་གླུ་གར་ཚོགས་པ་སོགས་སུ་ཞུགས་ཏེ་གར་སྟེགས་དང་གར་སྟེགས་ཀྱི་གདངས་དབྱངས་གཤིས་ཕྱིན་པར་སེམས་ཁོང་དུ་ཉར་ཡོད། ད་དུང་ཨ་མདོའི་སྒྲ་བརྙན་གྱི་འགྱུར་ཁུགས་སོགས་ལོ་སར་སྤྲོ་ཚོགས་རབས་དང་རིམ་པ་མང་པོར་ཞུགས། ལྷག་པར་དུ་མོ་རང་གི་ཆེད་གཉེར་དགེ་རྒན་དམ་པ་རྒན་གངས་བཞུགས་ཀྱི་གཙོས་བོད་ཁམས་ན་མིང་དུ་གྲགས་པའི་གླུ་བ་བདེ་སྐྱིད་ཚེ་རིང་དང་གཞས་མ་རྡོ་བ་ཚེ་སྐྱིད་སོགས་མིང་གྲགས་ཅན་གྱི་གླུ་བ་གླུ་མ་སྐོར་ཞིག་དང་མཉམ་བསྒྲུབས་ཀྱིས་མཚོ་སྔོན་གངས་ཏི་སེ་གློག་བརྙན་འཕྲིན་སྨྱན་སྦྱོར་ཚད་ཡོད་ཀུང་ཟིས་ཕབ་སྐྲུན་བྱས་པའི་༼གསེར་ཆེན་མཛའ་གཞས་ཞེས་པ་བོད་ཁམས་ཡོངས་ལ་སེམས་ཀྱི་ལེགས་སྐྱེས་ཤིག་གི་དོད་དུ་ཕུལ་བ་ལགས།
     རེད་ཡ་རྒྱ་ཆེ་བའི་གཟིགས་མོ་བ་ལྷན་རྒྱས་མཚམས་འདིར་ཁོ་མོས་བཤད་རྒྱུར་ང་རང་ནི་གླུ་གར་སྒྱུ་རྩལ་གྱིས་བསླུས་ཤིང་གཏན་དུ་གླུ་གར་སྒྱུ་རྩལ་ལ་དུང་།  མ་ཚད་རང་གི་ནུས་པ་དང་སྐད་ངག་ལ་བརྟེན་ནས་བོད་མི་རིགས་ལ་ཞབས་ཞུ་བསྒྲུབ་པའི་འདུན་པ་ཧ་ཅང་བརྟན་ཟེར།

ཚིག འབྲུག་ལྷ་རྒྱལ། 

དབྱངས། འཇམ་དབྱངས་ཕུན་ཚོགས།

གཞས་པ། ཡེ་ཤེས་ལྷ་མོ།

འཇིག་རྟེན་ཡང་རྩེ་ན་འཁྱིལ་བའི་ལྷ་ཡི་མཆོད་ཆབ་དྭངས་མོ།

ང་ཡི་བསོད་ནམས་སུ་སྨིན་པའི་ཨ་མའི་མངལ་ཆུ་དྲོན་མོ།

ངས་ཁྱེད་ཀྱི་བྲང་ཁོག་ལས་གསེར་གྱི་གཏམ་རྒྱུད་སྒྲིག་དུས།

ང་ཡི་རྨི་ལམ་གྱི་གཤོག་པ་ཁྱེད་ཀྱི་རླབས་རྩེ་ནས་བསྐྱངས་ཏེ།

ཁྱེད་ཀྱི་འདས་མ་ད་གསུམ་གྱི་གཏམ་རྒྱུད་འགྲིམ་མྱོང་།

ཨ། མ་ཡུམ་ཡ། མཚོ་སྔོན་པོ།

ངས་ཁྱེད་ཀྱི་དགའ་སྡུག་སྐྱོ་གསུམ་གྱི་གཏམ་རྒྱུད་རེ་རེ།

དབྱངས་གསལ་སོ་བཞིའི་ངག་རྟ་ལ་དྲངས་ནས།

སྲིད་པའི་སྤྱི་གཙུག་ནས་དལ་གྱིས་གྱེར་ངེས།

ཨོ། མཚོ་སྔོན་པོ། ང་ནི་ཁྱེད་ཀྱི་དུས་གསུམ་གྱི་བུ་མོ་ཡིན།



མཚོ་སྔོན་གངས་ཏི་སེ་གློག་བརྙན་འཕྲིན་སྨྱན་སྦྱོར་ཚད་ཡོད་ཀུང་ཟིས་མཁོ་སྤྲོད་བྱས།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/3/22 བལྟ་ཀློག (16038)