དཀར་པོ་ཆོས་ཀྱི་ཆགས་རབས་བཤད་པ།

དཔལ་དམ་པའི་ཆོས་འཁོར་མ་དར་དུས།།

ཆོས་སློབ་རྒྱུ་ཟེར་ནི་མི་གཅིག་ཡོད།།

ཆོས་མི་སློབ་ཟེར་ནི་མི་གཅིག་ཡོད།།

ཆོས་སློབ་རྒྱུ་ཟེར་བའི་མི་གཅིག་དེ།།

སྟོན་པ་ཤཱཀྱ་ཐུབ་པ་རེད།།

ཆོས་མི་སློབ་ཟེར་བའི་མི་གཅིག་དེ།།

སྡིག་ཅན་ཨ་མ་སྤྲེའུ་མགོ་རེད།།

ཆོས་དང་པོར་འགྲོ་དུས་སྒོ་གསུམ་ཡོད།།

སྒོ་དང་པོ་དམ་པའི་ཆོས་སྒོ་རེད།།

སྒོ་ཕྱེ་བ་འཕགས་པའི་ཡུལ་ནས་ཕྱེ།།

སྤོས་མེ་ལ་བསྒྲོན་ནས་ཕྱེ་ནི་ཡིན།།

རྒྱ་གར་དམ་པའི་ཆོས་སྒོ་ཡིན།།

ཆོས་ཀྱི་སྒོ་ལ་གསེར་ཟྭ་བརྒྱབ།།

གསེར་གྱི་ལྡེ་མིག་མཚོ་ནས་ལུས།།

བྱ་ངང་པ་སེར་པོའི་སྐེ་ན་ཡོད།།

བྱ་ངང་སེར་ལམ་ལ་རྙི་སེར་བཙུགས།།

རྙི་སེར་ནང་ལ་ངང་སེར་བཟུང་།།

བྱ་ངང་བ་བཟུང་ནས་ལྡེ་མིག་བླངས།།

ལྡེ་མིག་བླངས་ནས་སྟོན་པར་ཕུལ།།

གསེར་སྒོ་འབྱེད་ནོ་ཐུབ་པ་ཡིན།།

ཤཱཀྱ་ཐུབ་པས་ཕྱེས་ནི་རེད།།




སྒོ་གཉིས་པ་གཡུང་དྲུང་སྔགས་སྒོ་རེད།།

སྒོ་ཕྱེ་བ་དབུས་གཙང་ཡུལ་ནས་ཕྱེ།།

གསེར་རྔ་བརྡུངས་ནས་ཕྱེ་ནི་རེད།།

རྔ་བྲག་ཆར་འདྲེས་ནས་ཕྱེ་ནི་རེད།།

གཡུང་དྲུང་བོན་གྱི་སྔགས་སྒོ་ཡིན།།

སྔགས་ཀྱི་སྒོ་ལ་དངུལ་ཟྭ་བརྒྱབ།།

དངུལ་གྱི་ལྡེ་མིག་ནགས་ནས་ལུས།།

བྱ་ཁྱུང་ཆེན་ཞིག་གི་སྐེ་ན་ཡོད།།

བྱ་ཁྱུང་སྔོན་ལམ་ལ་རྙི་སྔོན་བཙུགས།།

རྙི་སྔོན་ནང་ལ་ཁྱུང་སྔོན་བཟུང་།།

བྱ་ཁྱུང་ཆེན་བཟུང་ནས་ལྡེ་མིག་བླངས།།

ལྡེ་མིག་བླངས་ནས་མི་བོར་ཕུལ།།

དངུལ་སྒོ་འབྱེད་ནོ་གཤེན་རབས་རེད།།

གཤེན་རབས་མི་བོས་ཕྱེས་ནི་རེད།།



ཆོས་སྒོ་གསུམ་པ་བོད་པའི་བསྟན་སྒོ་རེད།།

སྒོ་ཕྱེ་བ་གངས་རིའི་ལྗོངས་ནས་ཕྱེ།།

ལྷར་གསོལ་བ་བཏབ་ནས་ཕྱེ་ནི་རེད།།

ལྷ་རང་གིས་སྒྲུབ་ནི་ཕྱེ་ནི་རེད།།

ལྷ་གངས་ཅན་བསྟན་པའི་ཆོས་སྒོ་རེད།།

བསྟན་པའི་སྒོ་ལ་གཡུ་ཟྭ་བརྒྱབ།།

གཡུ་ཡི་ལྡེ་མིག་བྲག་ནས་ལུས།།

བྱ་ཐང་དཀར་རྒོད་པོའི་སྐེ་ན་ཡོད།།

བྱ་ཐང་དཀར་ལམ་ལ་རྙི་དཀར་བཙུགས།།

རྙི་དཀར་ནང་ལ་བྱ་དཀར་བཟུང་།།

བྱ་ཐང་དཀར་བཟུང་ནས་ལྡེ་མིག་བླངས།།

ལྡེ་མིག་བླངས་ནས་རྒྱལ་པོར་ཕུལ།།

གཡུ་སྒོ་འབྱེད་ནོ་སྲོང་བཙན་རེད།།

སྲོང་བཙན་སྒམ་པོས་ཕྱེས་ནི་རེད།།



ཆོས་བསྟན་པ་དར་ནས་བོད་འབངས་བདེ།།

བོད་སྐྱ་སེར་ཆོས་ལ་དད་པ་ཆེ།།

བོད་བྱམས་དང་སྙིང་རྗེའི་ཡུལ་ན་ཡོད།།

ཆོས་དང་པོར་འབྱུང་བ་འདི་འདྲ་ལགས།།

ཆོས་ཡུན་དུ་དར་བའི་བཀྲ་ཤིས་ཤོག།

 <<བོད་ཀྱི་ངག་རྒྱུན་གཏམ་རྒྱུད་ཕྱོགས་བསྒྲིགས>>  བཤུས།

རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/3/24 བལྟ་ཀློག (2510)