སྔོན་མོ་ནས་ཀྱི་ཆགས་རབས་བཤད་པ།

ས་པད་མ་བཞད་པའི་མཐིལ་ཁུག་ལ།།

ནས་འབྲུ་དྲུག་གསར་བ་མི་དར་དུས།།

ནས་བཙལ་དགོས་ཟེར་ནི་མི་གཅིག་ཡོད།།

ནས་མི་བཙལ་ཟེར་ནི་མི་གསུམ་ཡོད།།

ནས་བཙལ་དགོས་ཟེར་ནི་མི་གཅིག་པོ།།

སྟོན་པ་ཤཱཀྱ་ཐུབ་པ་ཡིན།།

ནས་མི་བཙལ་ཟེར་ནི་མི་གསུམ་པོ།།

འདྲེ་མོ་བཀའ་བདུད་སྤུན་གསུམ་ཡིན།།

ནས་བཙལ་བར་མངགས་མཁན་སློབ་དཔོན་ཡིན།།

ཆུ་ཨ་ལོང་འདྲ་བའི་འཁྱིལ་ཁུག་ན།།

བྲག་སེངྒེ་འདྲ་ཡི་ཐོང་འོག་ན།།

ནས་མི་ཆེ་མི་ཆུང་ཕུག་རོན་ཙམ།།

ནས་བཟའ་འདོད་སྐྱེས་པའི་བྱ་གསུམ་ཡོད།།

བྱ་དང་པོ་ཡོང་བ་ཁུན་འཐུ་ཡོང་།།

བྱ་ཁུན་འཐུས་མ་ཐུབ་འཁུན་འཁུན་འཁུན།།

བྱ་གཉིས་པ་ཡོང་བ་གྲོ་འཐུ་ཡོང་།།

བྱ་གྲོ་འཐུས་མ་ཐུབ་གྱོད་གྱོད་གྱོད།།

བྱ་གསུམ་པ་ཡོང་བ་ནས་འཐུ་ཡོང་།།

བྲག་སྒོར་མོའི་སྟེང་ནས་ངལ་ཞིག་གསོས།།

ཆུ་བསིལ་མའི་འགྲམ་ནས་ཧུབ་གསུམ་འཐུང་།།

ནས་འཁུར་འདོད་བསམ་པའི་རྒྱུད་ལ་སྐྱེས།།

ནས་གས་བཞི་བྱེད་དམ་གས་དྲུག་བྱེད།།

ནས་མ་གས་འཁྱེར་ཐབས་དཀའ་གི་བསམ།།

བྱ་ནས་འཐུས་ར་མཆུ་བྲག་ལ་བརྡར།།


དེ་ནས་ནས་ཕུང་ཐར་སེ་བཞག།

ནས་གས་བཞི་མ་བྱས་གས་དྲུག་བྱས།།

ནས་འབྲུ་དྲུག་ཟེར་བ་དེའི་དོན་ཡིན།།

ནས་དང་པོ་ཡལ་བ་དགུང་ལ་ཡལ།།

དགུང་ཨ་སྔོན་ཞིང་ས་མ་རྙེད་སུ།།

ཤར་ཉི་ཟླས་ཞིང་མཛོ་མ་ཉན་ཐལ།།

འབྲུག་ཕོ་ཆུང་ཞིང་རྨོ་མ་ཉན་ཐལ།།

ནས་གཉིས་པ་ཡལ་བ་འབྲོག་ལ་ཡལ།།

འབྲོག་སར་ཞིང་ས་རུ་མ་རྙེད་སུ།།

གཡག་རོག་པོས་ཞིང་མཛོ་མ་ཉན་ཐལ།།

འབྲོག་མིས་ཞིང་རྨོ་མ་ཉན་ཐལ།།

ནས་གསུམ་པ་ཡལ་བ་ཆུ་ལ་ཡལ།།

ཆུ་གཙང་བོར་ཞིང་ས་མ་རྙེད་སུ།།

སྲམ་སྨུག་ཆུང་ཞིང་རྨོ་མ་ཉན་ཐལ།།

ཉ་གསེར་མིག་ཞིང་རྨོ་མ་ཉན་ཐལ།།

ནས་བཞི་བ་ཡལ་བ་བྲག་ལ་ཡལ།།

བྲག་དམར་པོར་ཞིང་ས་མ་རྙེད་སུ།།

བྱ་ཐང་དཀར་ཞིང་མཛོ་མ་ཉན་ཐལ།།

གློག་རོག་མོས་ཞིང་རྨོ་མ་ཉན་ཐལ།།

ནས་ལྔ་བ་ཡལ་བ་ནགས་ལ་ཡལ།།

ནགས་དགའ་ལྡན་ཞིང་ས་མ་རྙེད་སུ།།

སྟག་དམར་ཡག་ཞིང་མཛོ་མ་ཉན་ཐལ།།

གླ་དར་མས་ཞིང་རྨོ་མ་ཉན་ཐལ།།

ནས་དྲུག་པ་ཡལ་བ་རོང་ལ་ཡལ།།

རོང་གཤིན་ས་ཡིན་པས་ཞིང་ས་རྙེད།།

ནས་འབྲས་བུ་ཐོགས་པའི་རྟེན་འབྲེལ་འཛོམས།།

རོང་རྒན་པོས་ཞིང་མཛོ་དགོས་ཞེས་འཚབ།།

རོང་དར་མས་ཐོང་གཤོལ་དགོས་ཞེས་འཚབ།།

རོང་རྒན་མོས་ཡུར་རྒྱག་དགོས་ཞེས་འཚབ།།

རོང་ནས་འདེབས་ཚང་ལ་འཚབ་གསུམ་ལངས།།

སྟོད་བལ་བོའི་ཡུལ་ནས་མགར་བ་བཙལ།།

སྨད་རྒྱ་ནག་ཡུལ་ནས་ཤིང་བཟོ་ཁྲིད།།

བལ་མགར་བས་རྨོ་ལྕགས་ངར་མོ་རྡུང་།།

རྒྱ་ཤིང་བཟོས་གཉའ་ཤིང་ཡང་མོ་ལས།།

བཤོལ་ཤིང་རྩེ་ལ་ཐོང་ལྕགས་སྤྲད།།

ཞིང་རྨོ་བའི་ལམ་ལ་དགའ་སྤྲོ་སྐྱེས།།

སྟོད་འབྲོག་པའི་ལག་ནས་འབྲི་ཞིག་ཉོས།།

སྨད་ཁེ་བའི་ལག་ནས་གླང་ཞིག་ཉོས།།

འབྲི་གླང་རྒྱུད་ལ་མཛོ་ཞིག་བླངས།།

མཛོ་ཁྱུང་དཀར་ཞིང་རྨོར་བཀོལ་བ་ཡིན།།

རྫས་ལུད་མཐུན་རྐྱེན་འཛོམས་པ་དང་།།

ཆུ་ལུད་དྲོད་གཤེར་རྒྱས་དུས་ན།།

རོང་རྒན་གཞོན་ཞིང་རྨོར་འགྲོ་རྒྱུ་བྱས།།

རོང་མ་སྲིས་ཡུར་མ་ཡུར་རྒྱུ་བྱས།།

དཔྱིད་ལྗང་ལོ་མྱུ་གུ་འབུས་དུས་ན།།

རྫ་ཁའི་ཁ་བ་ཞུ་དུས་ན།།

གྲོག་ཆུ་གྲོག་ལ་བཞུར་དུས་ན།།

ལ་ཆུ་ལུང་ཆུ་འདྲེས་དུས་ན།།

ཉིན་རྩྭ་སྲིབ་རྩྭ་དྲོས་དུས་ན།།

རྣོ་ལྕགས་ས་ལ་ཟུག་དུས་ན།།

རོང་ཁྱིམ་མིས་ནས་འབྲུ་འདེབས་མགོ་བརྩམས།།

སྤང་རྒོད་ཐང་རྒོད་མིན་ས་ནས།།

ནས་ཡར་སྐྱེས་མགྱོགས་པའི་ས་ཞིག་བཙལ།།

རྡོ་དང་རྡེའུ་རིགས་ཉུང་ས་ནས།།

གཤོལ་ཐོང་ལྕགས་འགྲིམས་པའི་ས་ཞིག་བཙལ།།

རྩྭ་ལྡུམ་ཤིང་ལྡུམ་དཀོན་ས་ནས།།

ནས་ཡུར་རྒྱག་སླ་བའི་ས་ཞིག་བཙལ།།

ཁྱུང་དཀར་གཉིས་འགྲོགས་སྐེ་ལ་གཉའ་ཤིང་འཕངས།།

བཤོལ་མདའ་བཤོལ་ཡུ་ཐོང་ལྕགས་ཆ་ཚང་སྤྲད།།

ས་འབར་ར་ར་དང་འབུར་རི་རི།།

ས་དེ་ནས་ཞིང་ཞིག་བཏུལ་བཏང་ཐལ།།

ནས་སྐྱེ་ཚུལ་གཉོར་སྲོལ་བཤད་རྒྱུ་ན།།

ལུད་གསོག་དུས་འབུམ་ཁང་བརྩིགས་བརྩིགས་བྱས།།

ལུད་འཁུར་དུས་ཚ་ཚ་རྒྱག་རྒྱག་བྱས།།

ལུད་འགྲེམ་དུས་སྤྲིན་ནག་འཁྱུག་འཁྱུག་བྱས།།

ནས་ཚིགས་གཅིག་མཚམས་ནས་བུད་དུས་ན།།

བུ་ལོ་གཅིག་ཅིག་གི་བསམ་པ་བཟུང་།།

ནས་ཚིགས་གཉིས་མཚམས་ནས་བུད་དུས་ན།།

བུ་ལོ་གཉིས་ཤིག་གི་བསམ་པ་བཟུང་།།

ནས་ཚིགས་གསུམ་མཚམས་ནས་བུད་དུས་ན།།

བུ་ལོ་གསུམ་ཞིག་གི་བསམ་པ་བཟུང་།།

ནས་སྐེད་ལོ་མ་སྟོང་གིས་བསྐོར།།

ནས་མགོར་སྙེ་མ་འབུམ་ཚོ་ཐོགས།།

ཞིང་ལོ་ལེགས་འབྱུང་བའི་གླུ་ཞིག་བླངས།།

ནས་ད་ཐོབས་ད་ཐོབས་ཟེར་དུས་ན།།

རྗེ་བླ་མས་ཕྱག་ནས་གཏོར་གཏོར་བྱས།།

ཞིང་འབྲས་བུ་སྨིན་པའི་གླུ་ཞིག་བླངས།།

ནས་ད་བྲེགས་ད་བྲེགས་ཟེར་དུས་ན།།

རྗེ་བླ་མས་ཕྱག་རྒྱ་བྱས་བྱས་བྱས།།

ནས་ད་རྡུངས་རྡུངས་ཟེར་དུས་ན།།

ནང་གྲྭ་བས་རྟགས་རྩལ་འཕེན་འཕེན་བྱས།།

ནས་ད་རྩེགས་ད་རྩེགས་ཟེར་དུས་ན།།

ཆོས་པོ་ཏི་གྲལ་ལ་སྒྲིག་སྒྲིག་བྱས།།

མ་བུ་མོས་སྦྲང་དཀར་རྩམ་པ་བླངས།།

བུ་ཚ་བོས་ནས་ཆང་སྔོན་མོ་བཙགས།།

ནས་སྔོན་མོའི་འཁྲུངས་རབས་འདི་འདྲ་ལགས།།

འདི་ཡང་ཡང་འཁྲུངས་བའི་བཀྲ་ཤིས་ཤོག།

                     <<བོད་ཀྱི་ངག་རྒྱུན་གཏམ་རྒྱུད་ཕྱོགས་བསྒྲིགས།>>ལས་བཤུས།

རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/3/25 བལྟ་ཀློག (3091)