དམར་པོ་ཤ་ཡི་ཆགས་རབས་བཤད་པ།

ལུག་གཡང་དཀར་ས་ལ་མི་དར་དུས།།

ལུག་བཙལ་དགོས་ཟེར་ནི་ཁ་གསུམ་ཡོད།།

སྟོད་རི་ལུང་འདུར་བའི་སྤྱང་ལྟོགས་གཅིག།

དགུང་ཨ་སྔོན་དཀྱིལ་གྱི་ཐང་དཀར་གཉིས།།

ཤ་བཟའ་འདོད་ཆེ་བའི་འབྲོག་རྒན་གསུམ།།

ལུག་མི་བཙལ་ཟེར་བའི་ཁ་གསུམ་ཡོད།།

སྟོད་རྒྱ་གར་ཡུལ་གྱི་སྟོན་པ་གཅིག།

བྲག་དམར་པོར་སྒོམ་པའི་མི་ལ་གཉིས།།

མཆོ་དྭངས་མོར་འཁོར་བའི་ཀླུ་མོ་གསུམ།།

ལུག་བཙལ་གི་བཙལ་གི་དགུང་ལ་སོང་།།

དགུང་ནས་མ་རྙེད་འབྲོག་ལ་སོང་།།

འབྲོག་རྒན་པོས་མ་རྙེད་བཙལ་གི་ཡོད།།

ས་རིན་ཆེན་གསེར་གྱི་མཚོ་ཁ་ན།།

མ་མོ་གསེར་གྱི་རྣ་ཙོར་ཅན།།

ཐོང་བ་ལྷ་ལུག་རྡོ་རྗེ་སྐྱབས།།

ལུ་གུ་དང་རིང་དཔའ་ཐག་ཅན།།

ས་རིན་ཆེན་ཁ་ན་རྩྭ་ཆུར་རོལ།།

མ་མོ་གསེར་གྱི་རྣ་ཙོག་ཅན།།

བཤའ་མི་ཉན་རྗེས་ནས་འཕེལ་གི་བསམ།།

ལུ་གུ་དུང་རིང་དཔའ་ཐག་ཅན།།

བཤའ་མི་ཉན་ད་རུང་སྐྱེས་ཀི་བསམ།།

ཐོང་བ་བཟུང་ནི་བཤའ་རྒྱུ་བྱས།།

རྒྱལ་ཆེན་བདེ་བཞི་ཐག་པས་བཅུག།

སྟོང་སུམ་དབུགས་སྒོ་སྤར་མོས་བཅད།།

མིག་རྡོ་ཕོ་རོགས་མཆོངས་མཆོངས་བྱས།།

རིལ་མ་ར་མདའ་འབུད་འབུད་བྱས།།

རྔ་མ་དྲིལ་ལྕེ་གཡུག་གཡུག་བྱས།།

ལུག་ཐོང་བའི་ཚེ་སྲོག་དེ་ཡིས་བཅད།།

ཕྱི་དར་དཀར་ཡོལ་བ་གྲི་ཡིས་བཤས།།

ནང་དར་ནག་མདུད་པ་མཛུ་གུས་བཅད།།

འབའ་ལག་ག་ཞིག་ལ་རུས་བརྒྱ་ཡོད།།

ཤ་རྐང་བ་ཞིག་ལ་མིང་དགུང་ཡོད།།

ཤ་སོག་པ་ཞིག་ལ་མིང་དགུ་ཡོད།།

འབའ་ལག་ག་ཞིག་གི་རུས་བརྒྱ་དེ།།

(རྩིབ་རང་རྩིབ་ཐུང་རྩ་བཞི་ཡོད།།

སྒལ་རིང་སྒལ་ཐུང་རྩ་དྲུག་ཡོད།།

དུ་ཀི་ལྔ་བཅུ་ཐམ་པ་རེད།།

ཁ་ན་དུང་སོ་སུམ་ཅུ་ཡོད།།

དུ་ཀི་གྱ་ཅུ་ཐམ་པ་རེད།།

ལྷུ་ཆེན་ལྷུ་ཆུང་བཅུ་གཉིས་ཡོད།།

དུ་ཀི་དགུ་བཅུ་གོ་གཉིས་རེད།།

སུག་ཆག་བཞི་ཡིས་གོ་དྲུག་རེད།།

མ་མགོ་བཕག་གི་གོ་བརྒྱད་རེད།།

ཡ་མགོ་བཞག་གི་གོ་དགུ་རེད།།

བྲང་གི་རུས་ཐུར་མ་རྩིས་ཀི།།

ཤ་བརྒྱའི་བྲང་གི་རུས་བརྒྱ་རེད།།)

ཁ་ན་དུང་སོ་སུམ་ཅུ་ཡོད།།

མགོ་ཡི་རྭ་གཉིས་མ་རྩིས་ཀི།།

ཡ་མགོ་མ་མགོ་གས་བཞི་རེད།།

དུ་ཀི་སུམ་ཅུ་སོ་བཞི་རེད།།

ཚང་རའི་གཞི་གུ་མ་རྩིས་ཀི།།

སྒལ་རྩལ་སྐེ་ཚིགས་རྩ་བདུན་ཡོད།།

དུ་ཀི་དྲུག་ཅུ་རེ་གཅིག་རེད།།

སྣ་མོ་སྣེ་མོ་མ་རྩིས་ཀི།།

ལྷུ་ཆེན་ལྷུ་ཆུང་བཅུ་གཉིས་རེད།།

ད་ཀི་བདུན་ཅུ་དོན་གསུམ་རེད།།

བྲང་གི་རུས་ཐུར་མ་རྩིས་ཀི།།

རྩིབ་རིང་རྩིབ་ཐུང་རྩ་དྲུག་རེད།།

དུ་ཀི་དགུ་བཅུ་གོ་དགུ་རེད།།

བྲང་ལེབ་མོ་བཞག་ན་རུས་བརྒྱ་རེད།།

ད་རུང་སྒལ་ཚིགས་ཞེ་དགུ་རེད།།

ཤ་རྐང་བ་ཞིག་གི་མིང་དགུ་རེད།།

བརླ་དང་གླེའུ་དང་གླེའུ་མགོ་གསུམ།།

དཔྱི་དང་དཔྱི་མྱིག་དཀར་ལྡག་གསུམ།།

རྒྱུ་མངར་བུར་བུ་ཐེ་ག་གསུམ།།

ཤ་རྐང་བ་ཞིག་གི་མིང་དགུ་ཡིན།།

ཤ་སོག་པ་ཞིག་ལ་མིང་དགུ་ཡོད།།

སོག་པའི་བ་ཡན་ཁ་རྒྱང་གསུམ།།

ཕྱི་ས་རང་ས་ལྷ་ས་གསུམ།།

རྟ་ས་ནོར་ས་ལུག་ས་གསུམ།།

ཤ་སོག་པ་ཞིག་གི་མིང་དགུ་ཡིན།།

འབའ་ལག་ག་ཞིག་ལ་ཤོམ་གསུམ་ཡོད།།

རྭ་ཅོའི་རྩིབ་ན་རྣ་ཅོག་ཤོམ།།

བལ་གི་ཐོག་ན་ཁ་ཆུ་ཤོམ།།

ཚང་རའི་ཐོག་ན་རྔ་མ་ཤོམ།།

འབའ་ལག་ག་ཞིག་གི་ཤོམ་གསུམ་ཡིན།།

ཤ་སྡེར་གང་བཙོས་ནི་མགྲོན་པོ་བསུས།།

རྒྱབ་ལྤགས་པ་ལངས་ནས་བག་རྩག་བཟོས།།

ལུག་གཡང་དཀར་འཚོས་པའི་ཤ་རབས་ཡིན།།

ཤ་ཡང་ཡང་ཟ་གི་སྨོན་ལམ་འདེབས།།

<<བོད་ཀྱི་ངག་རྒྱུན་གཏམ་རྒྱུད་ཕྱོགས་བསྒྲིགས།>>ལས་བཤུས།

རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/3/26 བལྟ་ཀློག (2903)