ཐང་ལུང་སྡེ་བ།

ཁ་མི་འཆམ་ཐང་ལུང་སྡེ་བ།།

ཁ་འཆམ་མོ་བྱོས་ད་རྩེད་ར།།

གྲོས་འགྲིག་མོ་བྱས་ད་མཐུན་ན།།

སེམས་དཀར་པོ་འོ་མ་འདྲ་བོས།།

ཚིག་བདེན་གསུམ་གཏམ་ལ་དྲངས་ན།།

མི་གོ་བ་ཅན་གིས་ཤེས་དགོས།།

ས་ཡག་པ་ར་ཉིན་ཐང་ན།།

སྡེ་ཡག་པ་མར་ཁུའི་མཚོ་མོ།།

ཕྱུགས་མེ་ལོང་ནོར་བུའི་དེབ་གཞུང་།།

ཆུ་རྒྱ་མཚོ་འཁྱིལ་གི་གཡས་ན།།

ཕྱུག་འབྱོར་བའི་སྟོབས་འབྱོར་ལྡན་ཡོད།།

རི་མཐོན་པོར་བསྟོད་པ་བྱས་ན།།

ཁྱོད་སྟོད་ཀི་རྫ་རི་སྨུག་པོ།།

རྟ་འདོ་ཅན་རྒོད་མའི་བླ་རི།།

རྒྱེའུ་རྒྱ་མོར་རྔོག་ཆུང་ཤིགས་སེ།།

དེའི་མི་ཚད་རྐྱང་ཕྲུག་རྟེའུ་ཡོད།།

ཁྱོས་སུ་རུ་རོག་པོའི་གདོང་ལམ།།

ནག་མོ་ནོར་གི་བླ་རི།།

འབྲི་ཐུལ་མའི་རྩིད་ཐོག་ཤིགས་སེ།།

དེའི་མི་ཚད་འབྲོང་ཕྲུག་བེའུ་ཡོད།།

རྡོ་གཡའ་མ་སྔོན་མོའི་བྲག་རི།།

གཡང་དཀར་མོ་ལུག་གི་བླ་རི།།

འབའ་ཚར་མོའི་ཁ་ཆུ་ཤིགས་སེ།།

དེའི་མི་ཚད་ལུག་ཆུང་སྟོང་ཡོད།

རྒོད་བཞི་མོའི་བང་ཁ་རླུང་རེད།།

འབྲུ་ཐིག་ལེ་གསར་ཕྱེ་དུང་མ།།

འབའ་ཚར་མོ་རིན་ཆེན་བརྒྱ་འབུར།།

བོད་འཇིག་རྟེན་གཏམ་གྱི་ཁ་དཔེར།།

ཕ་བསོད་ནམས་ཅན་གི་བསགས་པ།།

མ་འབད་པ་ཅན་གི་ལག་ནོམ།།

བུ་ཁ་ལས་ཅན་གི་རྒྱུ་ནོར།།

མ་སྲི་མོ་ཁ་མཐུན་གྲོས་འགྲིག།

དཔོན་དགྲ་ལྷ་ཅན་པོར་བལྟས་ན།།

ནང་གསེར་བྲིས་རི་མོ་དགུ་སྐོར།།

དངུལ་པདྨ་འདབ་བརྒྱད་སྟེང་ན།།

གསེར་བུམ་པ་འདུག་འདུག་ཡོད་ནོ།།

དཔོན་རླུང་རྟ་ཅན་པོ་ཁྱོད་རེད།།

ཁ་ཕྱི་བསྐོར་བཀྲ་ཤིས་རྟགས་བརྒྱད།།

མདུན་བར་སྣང་རྒྱལ་སྲིད་སྣ་བདུན།།

ཁ་ནང་བསྐོར་ཀ་ཆུའི་གུར་གུམ།།

ཁྲུས་རྫིང་བུ་བུམ་པའི་ནང་ནས།།

ལྷ་དྲི་མེད་བྱང་ཆུབ་སུམ་བརྒྱ།།

ཆུ་བདུད་རྩིས་ཁྲུས་གསོལ་བྱེད་ད།།

སྟོད་རི་ཡག་མགོ་ལོག་གཡུ་རྩེ།།

བར་བྱིན་ཆེན་སྔོ་ལྷ་གཡུ་རྩེ།།

སྨད་མྱུར་མགྱོགས་གཡུང་དྲུང་ཇག་རྩེ།།

རི་རྩེ་མོ་གསུམ་གྱི་རྩེ་ལ།།

ང་ཞུ་རྒྱུའི་ཚིག་ཁ་གསུམ་ཡོད།།

བོད་མགོ་ནག་མགོན་པོའི་ཡུལ་རེད།།

ཁྱོད་མགོན་སྐྱབས་བསླུ་བ་མེད་པ།།

མྱུར་མཛད་ཡེ་ཤེས་མགོན་པོ།།

ལྷ་བདུད་མགོན་དྲག་རྩལ་ནག་པོ།།

དེའི་སྐུ་འཁོར་ནང་མའི་ནང་ལ།།

རྟ་ཁམ་པ་ལག་དཀར་བཅིབས་པ།།

འདི་མགྱོགས་པ་རླུང་གི་འཁོར་ལོོ།།

བུ་མཐོན་པོའི་རླུང་རྟ་དུ ༢ རེད།།

ཁྱོད་སྐྱོབ་ཀི་གཞི་བདག་དུ་རེད།།

དགྲ་འདུལ་རྟ་ནག་ཅན་པོ།།

སྟག་ཤར་རའི་ལབ་རྩེ་མདའ་དགུ།།

ང་སྨོན་པའི་བུ་ལོ་བན་དགའ།།

ཟླ་ལྔ་བའི་བཅོ་ལྔའི་ཉིན་ལ།།

མདའ་གསུམ་གི་འབྲེལ་ཞིག་བཞག་ན།།

བུ་ཞིག་གི་གནང་བཞིན་ཞིག་ལ།།

ལྷ་ཁྱེད་ཀྱི་དགོངས་པ་ཡར་མཁྱེན།།

དགུང་ཨ་སྔོན་བླ་རི་མགུལ་བ།།

དགུང་གན་གི་གནས་པ་འབྲུག་རེད།།

འབྲུ་གཡུ་རྭ་མགོ་ན་འཛོམས་ནིའི།།

རྩལ་དྲག་པོ་ལུས་ལ་ཚང་ནིའི།།

དཔལ་འཛུམ་དྲུག་ཚང་གི་བུད་ནིའི།།

དགུང་ཨ་སྔོན་ཁ་གྲངས་འཛིན་ནིའི།།

འབྲུག་ཕོ་ཆུང་ཕོ་བྲང་འཛིན་ནིའི།།

འབྲུག་ཕོ་ཆུང་འདྲ་ཡི་སྲས་སུ།། ༣

ལྷ་ཁྱེད་ཀ་དགོངས་པ་ཡར་མཁྱེན།།

རྫ་ཁྲ་ཡག་བླ་རི་མགུལ་བ།།

རྫ་གན་གི་གནས་པ་འབྲོང་རེད།།

འབྲོང་རུ་ཐུར་མགོ་ན་རྒྱས་ནིའི།།

རྩལ་དྲུག་པོ་ལུས་འཛོམས་ནིའི།།

དཔའ་འཛུམ་དྲུག་རྫ་ནས་བུད་ནིའི།།

འབྲོང་བྲེ་སེར་འདྲ་ཡི་སྲས་སུ།།

ལྷ་ཁྱོད་ཀ་དགོངས་པ་ཡར་མཁྱེན།།

ནགས་དགའ་ལྡན་བླ་རི་མགུལ་བ།།

ནགས་གན་གི་གནས་པ་སྟག་རེད།།

སྟག་ཤ་མོ་རྒྱབ་ན་ཡོད་ནིའི།།

རྩལ་དྲུག་པོ་ལུས་ལ་འཛོམས་ནིའི།།

དཔའ་འཛུམ་དྲུག་ཚང་གི་བུད་ནིའི།།

ས་ལུང་གསུམ་ཕུག་མདོ་ཆོད་ནིའི།།

དགྲ་གྱེན་པོའི་ངོ་རྒོལ་ཐོན་ནིའི།།

སྟག་ཁྲ་ལི་འདྲ་ཡི་སྲས་སུ།།

ལྷ་ཁྱེད་ཀ་དགོངས་པ་ཡར་མཁྱེན།།

སྡེ་བླ་རི་མགུལ་བའི་འགོ་འཛིན།།

ཕ་ཐང་ལུང་འགོ་བའི་འགོ་འཛིན།།

ཕ་ཐང་ལུང་འགོ་བའི་ཤུལ་འཛིན།།

མ་ཀ་བཟའ་ཚང་གི་ཁྱིམ་འཛིན།།

ལྷ་དགྲ་ལྷའི་གཉེན་རྒྱུད་ཚང་ནིའི།།

སྐྱབས་བསླུ་བ་མེད་པར་ཞུས་ན།།

ཐུགས་བརྩེ་བའི་སྒོ་ནས་མ་བརྗེད།།

གཅིག་མ་བརྗེད་སྐྱེ་བའི་མ་ཎི།།

ལྷ་ཁྱེད་ཀ་དགོངས་པ་ཡར་མཁྱེན།།

 <<བོད་ཀྱི་ངག་རྒྱུན་གཏམ་རྒྱུད་ཕྱོགས་བསྒྲིགས>>ལས་བཤུས།

རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/3/28 བལྟ་ཀློག (5967)