ཇོ་ནང་ལྕམ་མདའ་དགོན་ངོ་སྤྲོད་མདོར་བསྡུས།

དཔལ་རྒྱལ་བ་ཇོ་ནང་བའི་ཆོས་སྡེ་ཆེན་པོ་ལྕམ་མདའ་དགོན་ཐུབ་བསྟན་ངེས་དོན་ཆོས་འཁོར་གླིང་གི་ལོ་རྒྱུས་

མདོ་ཙམ་བརྗོད་པ་དྲི་ཟའི་གླིང་བུ།

ཁྲི་གླིང་པདྨ་ཡང་གསང་།   ལྷ་ས།

རྨད་བྱུང་ཚོགས་གཉིས་འོད་ཀྱི་དཀྱིལ་འཁོར་ཐུགས་བསྐྱེད་རླུང་གིས་བསྲུབས་པ་ལས།།

ལེགས་འཁྲུངས་སྐུ་བཞིའི་བ་གམ་མཐོན་པོ་མ་ཧཱ་རི་བདུན་དབུས་སུ་བརྗིད།།

ཐབས་ཤེས་ཟུང་གི་ཉི་ཟླའི་རྣ་ཆ་ངོ་མཚར་སྐུ་ཡི་རྒྱན་གྱུར་པའི།།

ཐུབ་དབང་གསེར་གྱི་རི་རྒྱལ་ལྷུན་པོར་དད་པའི་མེ་ཏོག་སིལ་བུར་མཆོད།།

 

ཐེག་མཆོག་སྤྲིས་མ་དུང་གི་ཟླ་གཞོན་རྒྱལ་བའི་དགོངས་པ་འོ་མཚོ་ལས།།

བློ་ཡི་དབྱིག་གུས་བཅུད་དུ་ལེན་མཁས་རྒྱལ་སྲས་ཀླུ་ཡི་དབང་བོ་དང་།།

ཐོགས་མེད་སྐུ་མཆེད་ལེགས་ལྡན་འབྱེད་སོགས་ཚར་དུ་དངར་བ་བསྟན་འཛིན་སྡེ།།

འཕགས་ཡུལ་ཆོས་ཀྱི་རིག་པའི་སྡིངས་ཀར་ཞབས་སེན་འཁོད་པ་རྣམས་ལ་འདུད།།

 

ཐུབ་དབང་བྱམས་མགོན་ཀླུ་སྒྲུབ་དགོངས་པ་གཅིག་ཏུ་སྒྲུབ་པའི་ཐུགས་དཔྱོད་ཀྱི།།

མི་གཟད་གདོང་ལྔའི་གད་རྒྱངས་གཅིག་གིས་ལྟ་ངན་ཝ་ཚོགས་ཚར་བཅད་ནས།།

ཀུན་རྟོག་བློ་ཡི་ཡུལ་ལས་རབ་འགོངས་དོན་དམ་གཤེགས་སྙིང་བཞུགས་པའི་ཚུལ།།

གསལ་མཛད་ཀུན་མཁྱེན་དོལ་བུ་ཡབ་སྲས་བདེ་ཆེན་འཁོར་ལོའི་དབྱིངས་སུ་བསྙེན།།

 

རྒྱ་བོད་གཞུང་ཆེན་གངྒཱའི་རྒྱུན་བཟང་བློ་ཡི་ཡོལ་གོར་རབ་འཁྱིལ་ཞིང་།།

ཚུལ་ཁྲིམས་དྲི་ངད་ཕྱོགས་སུ་འཐུལ་བ་པཛྲ་ཞེས་པའི་མཚན་སྙན་ཅན།།

དེ་བཞིན་མཁྱེན་རབ་གཡུ་རལ་རྒྱས་པ་ལྡོང་གི་སྨྲ་བའི་དབང་ཕྱུག་སོགས།།

ཚེ་འདིར་དངོས་བརྒྱུད་བླ་མ་རྣམས་ཀྱིས་རྩོམ་པའི་དངོས་གྲུབ་ཆར་དུ་སྙོལ།།

 

གཞུང་ལྔའི་སྤྲིན་གྱི་བ་གམ་གསེབ་ལས་འཆད་རྩོད་རྩོམ་གྱི་སྦྲང་ཆར་འཇོ།།

བསླབ་གསུམ་མྱུ་གུའི་ཚིགས་མལ་རེ་རེར་མཁས་བཙུན་བཟང་བོའི་གཡུ་ལོ་རྒྱས།།

སྦྱོར་དྲུག་གསེར་གྱི་རམ་འབྱམས་ལྗོན་པར་ལྟ་སྒོམ་སྤྱོད་པའི་འབྲས་བུ་དུད།།

ལུང་རྟོགས་ཆོས་ཀྱི་ཞིང་ས་མཆོག་གི་བྱུང་བ་མདོ་ཙམ་བརྗོད་པར་སྤྲོ།།

    དེ་ཡང་ཚིགས་སུ་བཅད་པ་འབྱུང་བའི་གྲངས་ལྡན་གྱི་མཆོད་པ་སྔོན་དུ་བསྟར་ཏེ། འདིར་གང་གླེང་བར་བྱ་བ་ནི་བོད་ཀྱི་སྒྲུབ་སྡེ་ཤིང་རྟ་ཆེན་མོ་རྣམས་ཀྱི་ཡ་གྱལ། དཔལ་ལྡན་རྒྱལ་བ་ཇོ་ནང་བ་ཞེས་མཚན་སྙན་གཡུ་འབྲུག་གི་སྐད་ལ་ཟ་བ་གང་དེའི་རིང་ལུགས་འཛིན་པའི་ཆོས་སྡེ་ཆེན་པོ་ལྕམ་མདའ་དགོན་ཐུབ་བསྟན་ངེས་དོན་ཆོས་འཁོར་གླིང་གི་ལོ་རྒྱུས་མདོ་ཙམ་བརྗོད་པ་ལ། ཐོག་མར་ཆུ་འགོ་དེད་ན་གངས་རི་དང་། ཆོས་འགོ་དེད་ན་སངས་རྒྱས་ཞེས་པའི་དཔེ་བཞིན་དགོན་འདིའི་རང་ལུགས་ཀྱི་གྲུབ་མཐའི་བྱུང་བ་མདོ་ཙམ་མཚམས་སྦྱར་བ་བརྒྱུད་ད་གཟོད་ལོ་རྒྱུས་དངོས་བརྗོད་ན་སྡེབ་མི་འཁྲུག་པ་ལྟ་བུའི་ཉམས་ཐོན་པར་སེམས་པས་དེ་ལྟར་དུ་བཀོད་པ་ལ།

དང་བོ། དཔལ་ལྡན་རྒྱལ་བ་ཇོ་ནང་བའི་གྲུབ་མཐའི་བྱུང་བ་མདོ་ཙམ་བརྗོད་པ།

     དཔལ་ལྡན་རྒྱལ་བ་ཇོ་ནང་བའི་གྲུབ་མཐའ་བརྗོད་པ་ལ། ཐོག་མར་རང་ལུགས་དབུ་མ་གཞན་སྟོང་གི་ལྟ་གྲུབ་ཇི་ལྟར་བྱུང་བ་བཤད་དགོས། དེས་ན་ལྟ་གྲུབ་འདི་ཉིད་སྟོན་པ་ཐུགས་རྗེ་ཅན་གྱིས་ཇི་ལྟར་གསུངས་ཤིང་བོད་ཁ་བའི་ལྗོངས་སུ་གང་འདྲ་བྱས་ཏེ་བརྒྱུད་པའི་ཚུལ་ལ་ཇོ་ནང་རང་གི་ཆོས་འབྱུང་དག་ཏུ་འདི་ལྟར་གསུངས་ཡོད་དེ། སྟོན་པས་གཞན་སྟོང་གི་ལྟ་བ་མདོ་ཕྱོགས་རྐྱང་བ་མ་ཡིན་པར་སྔགས་ཕྱོགས་ནས་ཀྱང་གསུངས་བར་བཞེད་ཅིང་།  སྔ་མ་མདོ་ཕྱོགས་ནས་བཀའ་ཐ་མ་དོན་དམ་རྣམ་པར་ཕྱེ་བ་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་ཆོས་ཉིད་འོད་གསལ་བདེ་གཤེགས་སྙིང་བོ་ལེགས་པར་གསལ་བྱེད་ངེས་དོན་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་སྟོན་བྱེད་ཀྱི་ཆོས་ཀྱི་འཁོར་ལོའི་དགོངས་པར་འགྲེལ་ལ། དེ་ལས་ཀྱང་གཙོ་ཆེར་གཤེགས་སྙིང་གི་མདོ་དང་། དཔལ་ཕྲེང་གིས་ཞུས་པའི་མདོ། སོར་འཕྲེང་ལ་ཕན་པའི་མདོ་སོགས་ཐུན་མོང་མ་ཡིན་པའི་མདོ་སྡེ་མང་བོ་དང་། གཞན་དགོངས་འགྲེལ་དང་། ལངྒར་གཤེགས་པའི་མདོ་སོགས་ཐུན་མོང་གི་མདོ་སྡེ་གྲངས་ཉི་ཤུར་ཉེ་བས་བསྟན་པར་བཤད།  སྟོན་པ་མྱ་ངན་ལས་འདས་ཏེ་ཅུང་ཟད་འགོར་རྗེས་འཕགས་ཡུལ་དུ་ལྟ་གྲུབ་འདི་ཉིད་རྗེ་བཙུན་བྱམས་མགོན་དང་། སློབ་དཔོན་ཀླུ་སྒྲུབ་དང་། ཐོགས་མེད་སྐུ་མཆེད་སོགས་ཀྱིས་དར་བར་གྲགས་ཤིང་།  དེ་དག་ནས་རིམ་བཞིན་སློབ་དཔོན་དྲུག་ཙམ་བརྒྱུད་རྗེས་བོད་གངས་རིའི་ལྗོངས་སུ་གཟི་ལོ་ཙྰ་བ་དགའ་བའི་རྡོ་རྗེས་སྤེལ་བར་གྲགས་སོ།། ཕྱི་མ་སྔགས་ཕྱོགས་ནས་ཇི་ལྟར་གསུངས་ཤིང་བརྒྱུད་པའི་ཚུལ་ནི།  སངས་རྒྱས་སྐུ་མྱ་ངན་ལས་འདའ་ཁར་འབྲས་སྤུངས་མཆོད་རྟེན་དུ་གསར་རྒྱུད་བླ་མེད་ཐེག་པའི་ཡང་རྩེ་རྒྱུད་རྒྱལ་དུས་ཀྱི་འཁོར་ལོ་ལས་རིམ་གཉིས་ཀྱི་ལམ་ཟབ་མོ་དེ་ཉིད་བྱང་ཤམྦྷ་ལའི་ཆོས་རྒྱལ་ཟླ་བཟང་ལ་གསུངས་པར་གྲགས་ཤིང་།  གནས་དེ་ནས་ཆོས་རྒྱལ་བདུན་དང་རིགས་ལྡན་གཉིས་ཀྱིས་རིམ་པར་དར་ཞིང་རྒྱས་པར་བྱས་ཏེ་རབ་བྱུང་དང་བོ་སྟེ་སྤྱི་ལོ་༡༠༢༧ལོར་གྲུབ་ཆེན་དུས་ཞབས་པ་ཆེན་པོས་ཤམྦྷ་ལ་ནས་སྤྱན་དྲངས་ཏེ་རྒྱ་གར་འཕགས་པའི་ཡུལ་དུ་དར་བར་བྱས་པ་དང་། བོད་གངས་ཅན་དུ་གྲུབ་ཆེན་ཡུ་མོ་མི་བསྐྱོད་རྡོ་རྗེས་སྤེལ་བའོ།།

     དེ་ཡང་གཞན་སྟོང་གི་ལྟ་བ་འདི་ཉིད་བོད་གངས་རིའི་ལྗོངས་སུ་མདོ་སྔགས་ཟུང་དུ་སྦྲེལ་ཏེ་ཐོག་མར་སྤེལ་མཁན་ནི་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཡིན་ཏེ།   ཁོང་ནི་བོད་རབ་བྱུང་བཞི་བའི་ཆུ་མོ་ཡོསསྤྱི་ལོ༡༢༤༣ལ་མདོག་གི་དང་བ་ཕྱར་ཞེས་པའི་ཡུལ་དུ་ངོ་མཚར་གྱི་ལྟས་ཕུན་སུམ་ཚོགས་པ་དང་བཅས་སྐུ་འཁྲུངས། ནར་ཅུང་སོན་རྗེས་ས་སྐྱ་དང་མདར་སོགས་དབུས་གཙང་གི་གྲྭ་ས་ཕལ་མོ་ཆེར་འགྲིམས་ཤིང་། གུས་རྟག་བརྩོན་པས་གཞུང་ཆེན་དག་ལ་འོལ་སྤྱི་ཙམ་མ་ཡིན་པར་ཞིབ་ཏུ་སྦྱངས་པས་མདོ་སྔགས་རིག་གནས་དང་བཅས་པར་མཁྱེན་དཔྱོད་ཀྱི་ལང་ཚོ་རབ་ཏུ་རྒྱས། རྗེས་སུ་ཀུན་མཁྱེན་ཆོས་སྐུ་བའི་ཞབས་ལ་གཏུགས་ཏེ་བླ་མ་ཁོང་ལ་མངའ་བའི་གདམས་ངག་ཐམས་ཅད་དང་། དུས་འཁོར་རྭ་ལུགས་སྔར་ནས་མཁྱེན་ནའང་། བླ་མའི་མདུན་ནས་འབྲོ་ལུགས་ཀྱི་དབང་རྒྱུད་བཤད་དང་སྦྱོར་དྲུག་ཉམས་ཁྲིད་དུ་མ་གསན་པ་སོགས་སྦྱོར་དྲུག་ཁོ་ནའི་གདམས་པ་མི་འདྲ་བ་བཅུ་བདུན་ཙམ་གསན་བཞེས་གནང་བར་གྲགས། དེ་ཡང་ཁོང་གིས་སྲོག་རྩོལ་བསྒོམས་པས་འབྱུང་ལྔའི་རླུང་སྟོབས་སུ་གྱུར་ཏེ་ཕྱག་ཡ་རེ་མི་བཅུ་ཕྲག་གིས་མི་ཐུབ་པ་དང་། གཟིམ་ཁང་ན་ཡོད་པ་རྣམས་འགའ་རེ་འཁྱགས་ཏེ་མི་བཟོད་ཅིང་། འགའ་ཤས་ཚད་པས་གདུངས་པ་སོགས་བྱེད་ལ། གཟིམ་ཁང་ཡོམ་ཡོམ་དུ་གཡོ་བ། བུག་སྒོ་རྩིག་པ་སོགས་ལ་ཐོགས་མེད་དུ་གཤེགས་པ་སོགས་གྲུབ་རྟགས་ངོ་མཚར་མང་དུ་བསྟན་པ་བླ་མ་གང་དེའི་རྣམ་ཐར་སོགས་སུ་གསལ་ལོ།། རེ་ཞིག་འཁྱོག་པོའི་བཙན་གྱིས་གདན་དྲངས་ཤིང་། དེ་གའི་གཟིམ་ཁང་མཁའ་སྤྱོད་བདེ་ལྡན་དུ་ཐོག་མཐའ་བར་གསུམ་དུ་དགེ་བའི་མཚན་མ་བརྙེས་ནས་རྒྱུད་ཀྱི་སྙིང་བོ་རྩ་འགྲེལ་ཚང་བར་མཛད། རྣལ་འབྱོར་ཡན་ལག་དྲུག་པའི་མན་ངག་སྙན་བརྒྱུད་དུ་བཞུགས་པ་རྣམས་ཡི་གེར་འགོད་པར་མཛད་པ་ན་དུས་ཀྱི་འཁོར་ལོའི་ཞལ་གཟིགས་ལུང་བསྟན་ཐོབ་པ་དང་། འདི་ནི་སྦྱོར་དྲུག་གི་ཁྲིད་ཡིག་རྒྱས་པ་བོད་དུ་བྱུང་བའི་སྔ་ཤོས་ཡིན་ཞེས་ཇོ་ནང་གི་མཁས་པ་ཆེན་མོ་ངག་དབང་བློ་གྲོས་གྲགས་པས་གསུངས། དེ་དུས་བརྟན་མ་བཅུ་གཉིས་ཀྱི་གཙོ་མོ་མ་ཅིག་ནགས་སྨན་རྒྱལ་མོས་ཇོ་ནང་དུ་སྤྱན་འདྲེན་ཡང་ཡང་ཞུས་པས་ལོ་གསུམ་ནས་འོང་ཞེས་ཞལ་བཞེས་གནང་བ་ལྟར་ལོ་གསུམ་གྱི་རྗེས་སུ་དེ་གར་ཕེབས་ཏེ། སྐུ་ཚེ་སྨད་ལ་བུ་སློབ་མང་བོར་དུས་འཁོར་སྦྱོར་དྲུག་གཙོས་ལམ་འབྲས་སོགས་མདོ་སྔགས་ཉིས་ཆ་ནས་ཆོས་ཀྱི་བདུད་རྩི་ཕངས་མེད་བསྩལ་བས་དུས་དེ་ནས་བཟུང་ས་མིང་ཆོས་བརྒྱུད་ལ་ཐོགས་ནས་དཔལ་རྒྱལ་བ་ཇོ་ནང་བ་ཞེས་གངས་རིའི་ལྗོངས་སུ་སྙན་པའི་གྲགས་པ་འབར་བའི་དབུ་བརྙེས་སོ།།

    ལར་ཇོ་ནང་གི་གནས་འདི་ནི་ཕྱི་ལྟར་ན་བྱ་རྒོད་ཕུང་བོའི་རི། ནང་ལྟར་ན་རི་བོ་པོ་ཏ་ལ། གསང་བ་ལྟར་ན་བྱང་ཤམྦྷ་ལ་སོགས་དང་། ཡང་དཔལ་འཁོར་ལོ་སྡོམ་པ་དངོས་སུ་གྲུབ་པའི་རི་སོགས་བོད་ཀྱི་གནས་ཡིག་ཁག་ཏུ་ཡུལ་གྱི་ཆེ་བ་བསམ་གྱིས་མི་ཁྱབ་པ་བརྗོད་ཡོད་ཀྱང་འདིར་མང་དུ་དོགས་ཏེ་བསྡུས་པར་བྱས་སོ།། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་བོད་རབ་བྱུང་བཞི་བའི་ཆུ་གླང་ལོའིསྤྱི་ལོ༡༣༡༣དཔྱིད་འབྲིང་བོའི་ཚེས་ཉེར་ལྔའི་ཐོ་རེངས་ལ་དགའ་ལྡན་དུ་ཞི་བར་གཤེགས་ཤིང་། གདན་ས་བྱང་སེམས་རྒྱལ་བ་ཡེ་ཤེས་ལ་གཏད། དེས་མཁས་བཙུན་ཡོན་ཏན་རྒྱ་མཚོ་ལ་གཏད་ཅིང་། འདི་རྣམ་པ་ལ་ཇོ་ནང་ཐོག་མའི་བླ་མ་རྣམ་གསུམ་དུ་འབོད།

   དེ་རྗེས་ཀུན་མཁྱེན་དོལ་བུ་བ་དགོན་འདིའི་མཁན་པོ་མཛད་ཅིང་། ཁོང་ནི་ཡུལ་མངའ་རིས་དོལ་བོ་པན་ཚང་ཀ་ཡོ་རིའི་གྲོང་ཁྱེར་དུ་ཡབ་ཡེ་ཤེས་དབང་ཕྱུག་དང་ཡུམ་ལྷ་མོ་ཚུལ་ཁྲིམས་རྒྱན་གཉིས་ཀྱི་སྲས་སུ་བོད་རབ་བྱུང་ལྔ་བའི་ཆུ་ཕོ་འབྲུག་སྟེ་སྤྱི་ལོ༡༢༩༢ལོར་རྒྱལ་སྲས་དོན་གྲུབ་གཉིས་པ་ལྟ་བུའི་ཆེས་ངོ་མཚར་བའི་མཛད་ཚུལ་དང་བཅས་ཏེ་སྐུ་བལྟམས། ཚུལ་དེ་རྔ་བོ་ཆེའི་མདོ་སོགས་ལས་ལུང་བསྟན་ཚུལ་ནི། ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་ཞེས་བྱ་བ་མ་འོངས་པའི་དུས་ན་ཀ་ཡོ་རིའི་རྒྱུད་དུ་ངའི་མིང་འཆང་བའི་དགེ་སློང་དུ་གྱུར་ཏེ་ཞེས་སོགས་གསལ་བར་གསུངས་པ་དང་། ཡང་གཙུག་ཏོར་རྣམ་རྒྱལ་མའི་རྒྱུད་ལས། བདེ་གཤེགས་མྱ་ངན་འདས་འོག་ནས།། ལོ་ནི་སྟོང་ཕྲག་ཕྱེད་རིང་ཚེ།། གདོང་དམར་ཡུལ་དུ་ང་འདྲ་བའི།། བསྟན་པ་འཛིན་པའི་དགེ་སློང་ཞིག། ཆུ་བོ་ལྗོན་ཤིང་འཕྲེང་མཛེས་སུ།། ཀ་ཡོ་རི་ཡི་གྲོང་ཁྱེར་དུ།། ཡབ་ནི་ཡེ་ཤེས་དབང་ཕྱུག་ཆེ།། ཡུམ་ནི་ཚུལ་ཁྲིམས་རྒྱན་ཞེས་གྲགས།། སྲས་ནི་སངས་རྒྱས་མིང་ཅན་འབྱུང་།། ང་ཡི་བསྟན་པའི་རྒྱལ་མཚན་འཛུག། ཆོས་ཀྱི་དུང་འབུད་དར་ཕྱར་འགྱུར།།ཞེས་སོགས་མང་ངོ་།། ཀུན་མཁྱེན་ཁོང་གི་ཁྱིམ་རྒྱུད་རྙིང་མ་ཡིན་ལ། ཆོས་ཀྱང་རྙིང་མ་དང་དབུ་མ་རིགས་ཚོགས་དྲུག རིག་གནས་དང་བཟོ་གནས་ཕྲ་མོའང་དགོང་ལོ་ཆུང་ངུའི་དུས་ནས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གཅིག་ལ་མཁན་པོ་ཚུལ་ཁྲིམས་སྙིང་བོ་སོགས་ལས་དགེ་ཚུལ་གྱི་སྡོམ་པ་བླངས་ནས་མཚན་ཤེས་རབ་རྒྱལ་མཚན་ཞེས་སུ་བཏགས། དགུང་ལོ་ཉེར་གཅིག་པར་བླ་མ་སྐྱི་སྟོན་འཇམ་དབྱངས་གྲགས་པའི་སར་བྱོན་ཏེ་ཕར་ཚད་མངོན་གསུམ་དང་། སྤྱོད་འཇུག སྔགས་ཆོས་འགའ་དང་བཅས་ལོ་ཕྱེད་གཉིས་སུ་དུས་གཅིག་ཏུ་བསླབས་པས་གཞུང་བཞི་ཆར་འགྲེལ་བ་དང་བཅས་པའི་ཚིག་དོན་མཐའ་དག་ཐུགས་སུ་ཆུད། དེའི་རྗེས་དབུས་གཙང་གི་སྡེ་ཕལ་ཆེར་དུ་གྲྭ་སྐོར་ལ་ཕེབས་པས་མཁྱེན་རབ་ཀྱི་རྩལ་དང་། རིག་པའི་རྣམ་འགྱུར་བཟང་ཞིང་། ཤེར་ཕྱིན་འབུམ་པ་སོགས་མདོ་སྡེ་དུ་མའི་ཚིག་མཐའ་དག་བློར་ཡོད་པར་མ་ཟད། གཞུང་ཆེ་ཆུང་གང་ལའང་ཐོགས་པ་མེད་པས་ཐམས་ཅད་ཀྱིས་ཀྱང་ཀུན་མཁྱེན་རང་དུ་འདུག་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བས་ཀུན་མཁྱེན་ཞེས་པ་སྐབས་དེ་ཤེད་དུ་ཐོགས། དགུང་ལོ་སུམ་ཅུའི་སྐབས་ཇོ་ནང་ལ་ལན་གཅིག་ཕེབས་པས་དེ་གའི་སྒྲུབ་ཚུགས་ཀྱིས་ཐུགས་ཡིད་རབ་ཏུ་འཕྲོག་སྟེ། ཕྱི་ལོ་མཁས་བཙུན་ཆེན་པོའི་མདུན་ནས་དབང་དང་གདམས་པ་མང་དུ་གསན་ཅིང་། སྦྱོར་དྲུག་ལ་ཉམས་ཁྲིད་མཛད། དགུང་ལོ་སོ་ལྔ་སྟེ་སྤྱི་ལོ༡༣༢༦ལོར་མཁས་བཙུན་ཆེན་པོའི་བཀའ་བཞིན་གདན་སའི་མི་འཇིགས་ཁྲི་ལ་མངའ་གསོལ། ལོ་ཤས་རྗེས་ནས་སྐུ་འབུམ་མཐོང་གྲོལ་ཆེན་མོའི་རྨང་བཏིང་བ་དང་བཟང་ལྡན་གོང་གི་ཆོས་ཁྲིར་བཞུགས། བཤེས་གཉེན་བཅུ་ལྷག་ལ་སྙིང་བའི་མདོ་བཅུའི་བཤད་པ་རང་ལུགས་རྩལ་དུ་བཏོན་ཏེ་རྒྱས་པར་གསུངས། གཞན་སྟོང་སྟོན་པའི་གསུང་རབ་ཀྱང་འགའ་རེ་བརྩམས་པས་ཆོས་སྐད་ཕྱོགས་མང་བོར་ཁྱབ་པ་ལ་མཁས་པ་ཕལ་གྱི་བློར་མ་ཤོང་བ་དངོས་སུ་འབེལ་གཏམ་རྩོད་པར་ཕེབས་པ་རྣམས་རྒྱ་མཚོ་ལ་ཁ་བ་བབས་པ་བཞིན་རང་སར་ཞི་ཞིང་། དངོས་སུ་འཇལ་བ་རྣམས་ཐུགས་དད་རབ་ཏུ་སྐྱེས། ཕྱིས་གྲུབ་མཐའ་དེ་རྩོད་བྲལ་དུ་སོང་ནས་ཕྱོགས་བཞིའི་མཁས་གྲུབ་དུ་མའི་བསྐུལ་མ་གནང་བ་ལྟར་གཞན་སྟོང་གི་ལྟ་བ་རྩལ་དུ་བཏོན་པའི་གསུང་རབ་རི་ཆོས་ངེས་དོན་རྒྱ་མཚོ་དང་བཀའ་བསྡུ་བཞི་བ་སོགས་མཛད་ནས་ལྟ་བ་དེ་ཉིད་ལུང་རིགས་གཉིས་ཀྱིས་ཡང་དག་པར་གཏན་ལ་ཕབ་པས་མཚན་གྱི་གྲགས་པ་བོད་ཡུལ་ཀུན་ཏུ་ཁྱབ་པ་དང་།  ཇི་སྐད་དུ། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་།། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར།། ཞེས་གསུངས་པ་ལྟར་གནས་འདིར་སློབ་གཉེར་ལ་གཞོལ་བའི་གྲྭ་བཙུན་སྟོང་ཕྲག་དུ་མར་ཉེ་བ་བྱུང་། དམ་པ་འདི་ཉིད་ཇོ་ནང་གི་གདན་སར་བགྲང་བྱ་བཅུ་བདུན་ལྷག་ལ་བཞུགས་རྗེས་ཐུགས་སྲས་ཀླུབས་ལོ་ཙཱ་བ་དང་། ཀུན་མཁྱེན་ཕྱོགས་རྒྱལ་བ་ལ་གཏད་ཅིང་། ཁོང་གིས་ཟབ་ལམ་གྱི་ཁྲིད་གནང་བ་དང་། ཡུལ་སོ་སོར་རྟེན་བཞེངས་ཞིག་གསོ་སོགས་བསྟན་པའི་མཛད་པ་རླབས་ཆེན་གྱིས་དུས་འདའ་བར་བྱས། སྤྱིར་དམ་པ་ཁོང་ནི་སངས་རྒྱས་མིའི་གར་དུ་རོལ་པ་ཡིན་པས་སོ་སོའི་མཐོང་ཚད་མི་འདྲ་བ་དཔེར་ན། མཆིམས་བློ་བཟང་གྲགས་པས་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་དངོས་སུ་ཞལ་གཟིགས་གནང་ཞིང་། ཉེ་གནས་ནམ་མཁའ་བྱང་ཆུབ་ཀྱིས་འཇམ་དབྱངས་སུ་མཐོང་བ་སོགས་ཤིན་ཏུ་མང་ལ། སྐྱེས་རབས་ཀྱང་ཧ་ཅང་མང་བ་དམ་པ་གང་གི་རྣམ་ཐར་སོགས་སུ་གསལ་བ་ལྟར་རོ།། དགུང་ལོ་བདུན་ཅུ་སོན་པ་རབ་བྱུང་དྲུག་པའི་ལྕགས་མོ་གླངསྤྱི་ལོ་༡༣༦༡གི་དགུན་ཟླ་ར་བའི་ཡར་ངོའི་ཚེས་དྲུག་གི་སྲོད་དུ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བར་མཛད་ལ། དུས་སྐབས་དེར་བོད་གངས་རིའི་ལྗོངས་སུ་བུ་སྟོན་རིན་པོ་ཆེ་དང་ཁོང་རྣམ་པ་ལས་ལྷག་པའི་མཁས་ཆེན་ཞིག་མེད་པར་གྲགས་ཏེ། ལོ་ཙཱ་བ་ཆེན་པོས་ཀྱང་གནམ་ལ་ཉི་ཟླ་གཉིས། ས་ལ་བུ་དོལ་གཉིས་ཞེས་གསུངས་པ་ལས་ཀྱང་ཤེས་ཐུབ། དམ་པ་ཁོང་ལ་རང་དང་འདྲ་བའི་བུ་སློབ་བཅུ་བཞི་ཡོད་དེ། དཔེར་ན་ས་བཟང་མ་ཏི་པཎ་ཆེན་དང་། ཀུན་མཁྱེན་ཕྱོགས་རྒྱལ་བ། ལོ་ཙཱ་བ་བློ་གྲོས་དཔལ། ཉ་དབོན་ཀུན་དགའ་དཔལ། འབྲི་གུང་ལོ་ཙཱ་བ་སོགས་དང་། དེ་བཞིན་དབང་ལུང་སོགས་གསན་པའི་བུ་སློབ་ནི་ནམ་མཁའི་སྐར་མ་ལས་ཀྱང་ལྷག་གོ།། བྱང་ཆུབ་སེམས་དཔའི་སྤྲུལ་བ་དངོས་ཀྱི་བུ་སློབ་བཅུ་བཞི་དང་། དེ་བཞིན་ཇོ་ནང་ཀུན་དགའ་གྲོལ་མཆོག དེའི་སྤྲུལ་སྐུ་རྗེ་བཙུན་ཏཱ་ར་ནཱ་ཐ་སོགས་ཀྱིས་དགོན་པ་གསར་འདེབས་དང་། བསྟན་བཅོས་འབོར་ཆེན་བརྩམས་ཏེ་དབུས་གཙང་ཡུལ་ནས་དཔལ་རྒྱལ་བ་ཇོ་ནང་བའི་རིང་ལུགས་འདི་ཉིད་དར་ཞིང་རྒྱས་པར་བྱས།

     དེ་ཡང་དཔལ་ལྡན་ཇོ་ནང་བའི་བསྟན་པ་མདོ་ཁམས་སྨད་དུ་ཐོག་མར་སྤེལ་མཁན་ནི། ཀུན་མཁྱེན་ཆེན་པོས། ཁམས་ཡུལ་སྐྱེས་པའི་ལྷག་བསམ་ལས་འཕྲོ་ཅན།། སྔོན་ལས་སད་པའི་བྱམས་པ་ཁ་ཆེ་ཁྱོད།། ཐོས་པས་དལ་འབྱོར་ཡོན་ཏན་ལྗོན་ཤིང་རྒྱས།། ད་ནི་མདོ་ཁམས་ཕྱོགས་སུ་འགྲོ་བར་རན།། ཞེས་ལུང་བསྟན་པ་ལྟར་བྱམས་པ་ཁ་བོ་ཆེས་ཁམས་རྩེ་མདོའི་ས་ཆ་རྡོ་རྗེ་མཆེད་དྲུག་གི་གནས་འོབ་གངས་དཀར་གྱི་རྩ་བར་ངེས་དོན་གྱི་ཆོས་གཞི་བཏབ་པ་དེ་ནི་མདོ་ཁམས་ཡུལ་གྱི་ཇོ་ནང་བའི་དགོན་གཞི་སྔ་ཤོས་ཡིན་ལ། དེ་རྗེས་མདོ་སྨད་ཡུལ་དུ་རིང་ལུགས་འདི་ཉིད་སྤེལ་མཁན་ནམ་མཛད་རྗེས་ཆེས་ཤོས་ནི་དྲུང་རརྣ་ཤྲི་སྟེ། ཁོང་ནི་བོད་རབ་བྱུང་དྲུག་པའི་ལྕགས་ཕོ་སྟགསྤྱི་ལོ༡༣༤༠ལ་མདོ་ཁམས་རྒྱལ་མོ་ཚ་བ་རོང་གི་བྱེ་མ་ཐང་ཞེས་པའི་ཡུལ་དུ་ལྟས་ངོ་མཚར་དང་བཅས་ཏེ་སྐུ་བལྟམས། དགུང་ལོ་བཅོ་བརྒྱད་སྟེང་དབུས་སུ་ཕེབས་ཏེ་མཁན་ཆེན་བྱང་ཆུབ་རྩེ་མོ་སོགས་ལས་ཚིག་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་དང་བྱང་སེམས་ཀྱི་སྡོམ་པ་སོགས་བཞེས། ཇོ་ནང་བའི་མཁས་གྲུབ་ཆེན་མོ་ས་བཟང་མ་ཏི་པཎ་ཆེན་དང་། ཀུན་མཁྱེན་ཕྱོགས་རྒྱལ་བ། ཉ་དབོན་ཀུན་དགའ་དཔལ། བྱང་ཆུབ་སེང་གེ་སོགས་མཁས་ཆེན་དུ་མའི་མདུན་ནས་སྦྱོར་དྲུག་ཆ་ལག་དང་བཅས་པ། སེམས་འགྲེལ་ཡན་ལག་དང་བཅས་པ། བྱམས་ཆོས་སྡེ་ལྔ། སྡོམ་རྣམ་གཉིས། ས་སྡེ་ལྔ་སོགས་བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ་དང་། གཞན་ཚད་མ་སྡེ་བདུན། མངོན་པ་སོགས་གཞུང་ཆེན་ཡོད་དོ་ཅོག སྔགས་རྒྱུད་སྡེ་སོགས་ལ་ནང་བྱུན་ཆུད་པར་སྦྱངས་པས་མཁས་པའི་སྙན་གྲགས་རྒྱས་སོ།། དགུང་ལོ་སུམ་ཅུའི་སྟེང་ཀུན་མཁྱེན་ཕྱོགས་རྒྱལ་བ་སོགས་ཀྱིས་མདོ་སྨད་དུ་བསྟན་དོན་སྤེལ་བར་བཀས་བསྐུལ་བ་ལ་བརྟེན་ཏེ་རྟེན་སྐལ་བཀའ་གདམས་མཆོད་རྟེན་དང་། ཆོས་དུང་སོགས་བསྣམས་ནས་དེང་གི་འཛམ་ཐང་གི་ཡུལ་དུ་ཕེབས་ཤིང་། བོད་རབ་བྱུང་བདུན་པའི་ཤིང་མོ་སྦྲུལསྤྱི་ལོ༡༤༢༥ལ་དཔལ་འཛམ་ཐང་གི་ཆོས་སྡེ་གསར་བཞེངས་གནང་བའོ།། དགོན་སྡེ་འདི་ནི་མདོ་སྨད་ཡུལ་གྱི་ཇོ་ནང་བའི་མ་དགོན་ལྟ་བུ་ཡིན་ལ། ཕྱིས་རྗེ་བཙུན་ཏཱ་ར་ནཱ་ཐ་སོགས་ཀྱི་དངོས་སློབ་གཙང་བ་བློ་གྲོས་རྣམ་རྒྱལ་སོགས་གནས་འདིར་བྱོན་ཏེ་ཇོ་ནང་བའི་རིང་ལུགས་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་སོགས་སུ་དར་བར་བྱས་རྗེས་རླབས་ཆེན་བཞག་པ་དང་། ད་ལྟར་བཞུགས་པའི་མདོ་སྨད་ཀྱི་ཇོ་ནང་བའི་དགོན་སྡེ་དག་འཛམ་ཐང་དང་གཙང་བ་ལས་མ་མཆེད་པ་ཕལ་ཆེར་མེད་པ་ལྟ་བུ་ཡིན་ནོ།།

གཉིས་པ། ལྕམ་མདའ་དགོན་ཐུབ་བསྟན་ངེས་དོན་ཆོས་འཁོར་གླིང་གི་ལོ་རྒྱུས་དངོས་བཤད་པ།

    དང་བོ་དགོན་སྡེ་འདི་ཆགས་པའི་གནས་ནི། བོད་གངས་རིའི་ལྗོངས་ཀྱི་ཡུལ་གྲུ་འདིར་གནའ་སྔ་མོ་ནས་སྟོད་ལ་མངའ་རིས་སྐོར་གསུམ། བར་ལ་དབུས་གཙང་རུ་བཞི། སྨད་ལ་མདོ་ཁམས་སྒང་དྲུག་ཏུ་གྲགས་པའི་ཕྱི་མའི་ནང་ཚན། བོད་ཟིལ་མོ་སྒང་གི་བྱང་ཕྱོགས་ཏེ། མགོ་ལོག་འབུམ་པ་ཁག་གསུམ་གྱི་སྐྱེས་ལྷ། དཀར་ཕྱོགས་སྐྱོང་བའི་གཞི་བདག་གཉན་པོ་གཡུ་རྩེ་ཞེས་མཛེས་སྡུག་ཕུན་སུམ་ཚོགས་པའི་རི་བོ་དེའི་ཉེ་འདབས། བརྗིད་ལྡན་ལྷན་ནེར་འགྱིང་བའི་རྫ་རྒྱལ་ལྷུན་པོའི་རྐེད་ནས་འབབ་པའི་ཡན་ལག་བརྒྱད་ལྡན་གྱི་ལྕམ་ཆུ་དང་། ཤར་ནས་འབབ་པའི་འབྲང་ཆུ་གཉིས་ཀྱི་འདྲེས་མཚམས་ལྕམ་མདའ་ཞེས་བྱ་བ། དེང་གི་སྲིད་འཛིན་ས་གནས་ཀྱིས་དགར་ན། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གཅིག་སྦྲེལ་རྫོང་གི་མངའ་ཁོངས། རྫོང་མཁར་ནས་ནུབ་བྱང་ཕྱོགས་སུ་སྤྱི་ལེ་དགུ་བཅུར་ཉེ་བའི་ས་ན་སོག་རུ་གྲོང་བརྡལ་ཡོད་པའི་ཉེ་འདབས་སུ་ཆགས་ཡོད་ཅིང་། དགོན་འདི་ཐོག་མར་ཇི་ལྟར་བྱུང་བ་ལ། གདན་རབས་དང་བོ་མཁན་ཆེན་ངག་དབང་ཆོས་འཕེལ་རྒྱ་མཚོ་ནས་སྨྲ་དགོས་ཏེ། དེ་ཡང་དམ་པ་ཁོང་ནི་བོད་རབ་བྱུང་བཅུ་གསུམ་པའི་ས་སྤྲེལ་ཏེ་སྤྱི་ལོ་༡༧༨༨ལོར་འཛི་ཡུལ་རབ་ཁ་རུ་སྐུ་འཁྲུངས། སྐུ་ན་གཞོན་དུས་འཛམ་ཐང་དུ་བྱོན་ཏེ་གཙང་ཆེན་སྤྲུལ་བའི་སྐུ་དཀོན་མཆོག་འཇིགས་མེད་རྣམ་རྒྱལ་ལས་དགེ་བསྙེན་དང་རབ་བྱུང་སོགས་ཀྱི་སྡོམ་པ་ཞུས་ཏེ་མཚན་ལ་ངག་དབང་ཆོས་འཕེལ་རྒྱ་མཚོ་གསོལ། དགུང་ལོ་ཉེར་གཅིག་སྐབས་བླ་མ་ངག་དབང་རྒྱལ་མཚན་གྱི་དྲུང་ནས་སྦྱོར་བ་ཡན་ལག་དྲུག་པའི་ཟབ་ཁྲིད་ཞུས་ཏེ་དགེ་འཕེལ་རི་ཁྲོད་དུ་ལོ་གསུམ་ལ་ཉམས་ལེན་མཛད། དེ་རྗེས་རྩ་བའི་བླ་མ་གཙོས་དབོན་སངས་རྒྱས་རྒྱ་མཚོ་དང་། རྫོགས་ཆེན་པདྨ་ཀློང་གྲོལ། ཁྱུང་ལུང་རས་པ་དམ་ཚིག་རྡོ་རྗེ། ལྕགས་མདུད་སྤྲུལ་སྐུ། གྱི་ལུང་ཐུགས་མཆོག་རྡོ་རྗེ་སོགས་སྐྱེས་ཆེན་མང་བོའི་མདུན་ནས་དབུ་མ་གཞན་སྟོང་སོགས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཛད། དགུང་ལོ་ལྔ་བཅུ་ཡས་མས་སུ་གཙང་ཆེན་སྤྲུལ་སྐུའི་རྒྱལ་ཚབ་ཏུ་མངའ་གསོལ་ཞིང་། གཙང་གི་གདན་ས་མཛད་དེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བར་མེད་བསྐོར་ཏོ།།

    རབ་བྱུང་བཅུ་བཞི་བའི་ས་མོ་བྱ་སྟེ་སྤྱི་ལོ་༡༨༤༧ལོར་ཉིད་ཀྱི་ཐུགས་སྲས་གཅོད་པ་བླ་མ་ཚུལ་ཁྲིམས་རྒྱ་མཚོ་དང་། ས་གནས་ཀྱི་དཔོན་བློན་རྣམས་ཀྱིས་གདན་འདྲེན་ཡང་ཡང་ཞུས་པར་བརྟེན་ད་ལྟའི་དགོན་གནས་ཡོད་སའི་ས་ཕྱོགས་ལྕམ་ནང་དུ་ཆིབས་ཁ་བསྒྱུར་ཞིང་། ཡུལ་དེ་གའི་སེར་སྐྱ་མང་ཚོགས་ལ་དབང་ལུང་མན་ངག་སོགས་ཆོས་ཀྱི་སྐྱེས་ཅི་དགར་བསྩལ། རེ་ཞིག་ན་ཡུལ་གྱི་དཔོན་འབངས་ཡོངས་ཀྱིས་ཡུལ་སྡེ་ཀུན་གྱི་མཆོད་གནས་ཆོས་སྒར་ཞིག་གནས་འདིར་འཛུགས་དགོས་པར་ནན་ཞུ་ཞུས་པས་ཁོང་གིས་ཀྱང་དང་ལེན་བྱས་པ་དང་། ཆོས་སྒར་ཆགས་འདེབས་མཛད་པའི་ས་ཆ་ནི་ད་ལྟའི་དགོན་གནས་འདི་སྟེ། ས་ལ་དགེ་བཅུ་ཚང་ཞིང་། རྒྱབ་རི་རྒྱལ་མཚན་བསྒྲེངས་འདྲའི་ཁུགས་སོ་འདིའོ།། དེ་ཡང་དམ་པ་ཁོང་གིས་དགོན་སྡེ་གཞན་ལྟར་ཚོགས་ཁང་དང་འདུ་ཁང་སོགས་གསར་བཞེངས་བྱས་པ་མ་ཡིན་པར། དང་བོ་ཡུལ་འདིའི་ཁ་སྐད་ལྟར་ན་ནག་སྒར་ཞེས་པ་སྟེ་སྡོད་ས་སྦྲ་དང་། ཚོགས་ས་གུར་ཡིན་ལ། དུས་སྐབས་དེར་གཙོ་ཆེར་ད་ལྟའི་དགོན་གནས་ཡོད་ས་འདིར་བཞུགས་ཤིང་། སྐབས་འགར་ཡུལ་དུས་དང་བསྟུན་ཏེ་ལྕམ་ནང་དང་། སྟོས་མདའ། རྫ་རིའི་མདའ། ཆུ་འགོ་ཅན་སོགས་སུ་སྤར་ནས་སྡོད་པའི་སྐབས་ཀྱང་ཡོད། དེ་རྗེས་དམ་པ་གང་གིས་མགོ་ལོག་དང་འཛམ་ཐང་ཕྱོགས་སུ་བསྟན་འགྲོའི་དོན་རྒྱ་ཆེར་སྤེལ་ཏེ་མཐར་རབ་བྱུང་བཅུ་བཞི་བའི་ཤིང་མོ་གླངསྤྱི་ལོ༡༨༦༥ལ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ།། གསུང་ལས་སྐྱེས་པའི་སློབ་བུ་ལའང་ངག་དབང་ཆོས་འཕགས་རྒྱ་མཚོ། གཅོད་པ་བླ་མ་ཚུལ་ཁྲིམས་རྒྱ་མཚོ། འབའ་མདའ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ། འབྲོག་དགེ་ཀུན་དགའ་ཡོན་ཏན་རྒྱ་མཚོ་སོགས་རང་ལུགས་འཛིན་པའི་མཁས་གྲུབ་མང་དུ་བསྐྱངས་ལ། གཞན་རྫ་དཔལ་སྤྲུལ་དང་། གཞུ་ཆེན་བཻ་རོ། ཀོང་སྤྲུལ་རིན་པོ་ཆེ་སོགས་གྲུབ་མཐའ་གཞན་གྱི་མཁས་གྲུབ་ཀྱང་ཤིན་ཏུ་མང་ངོ་།།

     དགོན་འདིའི་གདན་རབས་གཉིས་པ་གཅོད་པ་བླ་མ་ཚུལ་ཁྲིམས་རྒྱ་མཚོ་ཡིན་ལ། གདན་རབས་གསུམ་པ་བཻ་ཚ་ངག་དབང་མཐར་ཕྱིན། གདན་རབས་བཞི་བ་དབོན་པོ་རིག་རྩལ། གདན་རབས་ལྔ་བ་དམེ་བླ་མ་ངག་དབང་དོན་འགྲུབ། གདན་རབས་དྲུག་པ་ཀུན་དགའ་བློ་འཕེལ། གདན་རབས་བདུན་པ་ཀུན་དགའ་མཚན་བཟང་། གདན་རབས་བརྒྱད་པ་ངག་དབང་སྨོན་ལམ་བཟང་བོ། གདན་རབས་དགུ་བ་མཆོག་སྤྲུལ་ངེས་དོན་བསྟན་པའི་རྒྱལ་མཚན། གདན་རབས་བཅུ་བ་ངག་དབང་མཁྱེན་རབ་རྒྱ་མཚོ། གདན་རབས་བཅུ་གཅིག་པ་སྒར་ཆུང་མཁན་པོ་ངག་དབང་རབ་གསལ་ཡིན་ལ། ཁོང་ཉིད་གདན་སར་བཞུགས་པའི་དུས་ནི་ཏག་ཏག་རིག་གསར་གྱི་དུས་སྐབས་དང་འཁེལ་བས། རྒྱལ་ཡོངས་ཀྱི་རིག་གནས་སྡེ་ཁག་གཞན་དང་འདྲ་བར་ཆོས་མཚམས་འཇོག་དགོས་བྱུང་བར་གྱུར་པ་མ་ཟད། སྔོན་གྱི་སྐུ་གསུང་ཐུགས་རྟེན་རྣམས་ཀྱང་འབྱུང་བཞིའི་ཁམས་སུ་འཐིམས། དེ་ལྟར་༡༩༥༨ཡན་ལ་གདན་རབས་བཅུ་གཅིག་སོང་ཞིང་། བསྟན་པ་འཛིན་པའི་འདུས་སྡེ་སུམ་བརྒྱ་རེ་ཆག་མེད་དུ་ཡོད་པར་དགོན་འདིའི་ལོ་རྒྱུས་མདོར་བསྡུས་རིན་པོ་ཆེའི་འཕྲེང་བར་གསུངས་སོ།།

    སྤྱིར་གནམ་ངོ་རུབ་པའི་མཐའ་མ་དྭངས་པ་ཆོས་ཉིད་ཡིན་པ་ཇི་བཞིན་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་བྱི་སྟེ། སྤྱི་ལོ་༡༩༨༩ལོར་ཏང་གི་ཡང་དག་པའི་འགོ་ཁྲིད་དང་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཆོས་སྡེ་འདི་ཉིད་ཡང་བསྐྱར་ལྕམ་མདའ་རུ་འཚོགས་ཐུབ་པའི་བསྐལ་བ་བྱུང་ཞིང་། སྐབས་འདིར་གདན་རབས་བཅུ་གཉིས་པ་མཁས་གྲུབ་དཔལ་བཟང་མཆོག་སྐུ་འཚོ་བཞུགས་གནང་བའི་དུས་ཡིན་ལ། ཁོང་ནི་རབ་བྱུང་བཅོ་ལྔ་བའི་ཤིང་མོ་སྦྲུལསྤྱི་ལོ་༡༩༠༥ལོར་མགོ་ལོག་རྒྱ་སྐོར་མ་ཞེས་པའི་ཡུལ་དུ་སྐུ་འཁྲུངས། རིམ་བཞིན་ནར་སོན་རྗེས་ཉིད་ཀྱི་ཞང་བོ་ཀུན་དགའ་བློ་འཕེལ་དང་། དཔལ་ཡུལ་མཆོག་སྤྲུལ་འཇམ་དཔལ་དགྱེས་པའི་རྡོ་རྗེ། དགེ་བའི་བཤེས་གཉེན་ཀུན་དགའ་རྒྱལ་མཚན་སོགས་ཀྱི་དྲུང་ནས་མདོ་སྔགས་ཀྱི་གཞུང་དང་གདམས་པ་མཐའ་ཡས་པ་གསན། སྐུ་ཚེ་གང་བོར་སྙུང་གནས་དང་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བས་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་དང་། གཙང་བ་གྲུབ་ཆེན་བྱམས་པ་ཆོས་འཛིན་སོགས་སྐྱེས་ཆེན་མང་བོས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་བསྔགས་པར་མཛད། དགུང་གྲངས་གྱ་གསུམ་སྟེ་རབ་གནས་མེ་ཡོས་ལོའིསྤྱི་ལོ༡༩༨༨ཟླ་ལྔ་བའི་ཚེས་བཅུ་དགུ་ཉིན་སྐུ་གཤེགས་སོ།། ལོ་འདིར་དགོན་འདིའི་འདུ་ཁང་བཞེངས་ཏེ་ལེགས་པར་གྲུབ་ཤིང་། འདིའི་སྔ་རོལ་ཏུ་གཏན་ཆགས་ཀྱི་འདུ་ཁང་ཡོད་པ་ལོ་རྒྱུས་སོགས་སུ་མི་གསལ་བས། དུས་འདི་ནས་བཟུང་སྔར་གྱི་སྦྲ་གར་ལས་ཆོས་འཚོགས་ཤིང་། ལན་རེར་གནས་སྤོར་བའི་ནག་སྒར་གྱི་རྣམ་པ་དེ་བསྒྱུར་ནས་གཏན་ཆགས་རང་བཞིན་གྱི་ཆོས་སྡེ་ཚུགས་པར་མངོན།

     དགོན་འདིའི་གདན་རབས་བཅུ་གསུམ་པ་ནི་ད་ལྟ་སྐུ་འཚོ་བཞུགས་གནང་ཞིང་། མདོ་སྨད་ཇོ་ནང་བསྟན་པར་བཀའ་དྲིན་གཞལ་མཐའ་བྲལ་བ། མདོ་སྔགས་རིག་གནས་མཐའ་དག་ལ་མངའ་བརྙེས་པ་ཀུན་དགའ་ཤེས་རབ་གསལ་བྱེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་བོ་མཆོག་ཡིན་ལ། ཁོང་ནི་མགོ་ལོག་ཨ་སྐྱོང་གི་མངའ་ཁོངས། ཁང་རྒན་རྒྱ་སྐོར་ཞེས་པའི་ཡུལ་དུ་རབ་བྱུང་བཅུ་དྲུག་པའིསྤྱི་ལོ༡༩༣༦ལོར་ཡབ་ཀུན་དཔལ་དང་། ཡུམ་མེར་ལོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་རྟགས་མཚན་དང་བཅས་ཏེ་སྐུ་འཁྲུངས། སྐུ་ན་ཕྲ་བའི་དུས་ཀློག་སོགས་བསླབ་པ་ཚེགས་མེད་དུ་མཁྱེན་ཞིང་། ཅུང་འགོར་རྗེས་རྔ་བའི་རྩི་ནང་དགོན་དུ་ཕེབས་ཏེ་ཀུན་དགའ་མཚན་བཟང་རིན་པོ་ཆེ་དང་། མཁས་དབང་ཀུན་དགའ་རྒྱལ་མཚན། སྐྱབས་རྗེ་མཁས་གྲུབ་དཔལ་བཟང་སོགས་དགེ་སློང་གྲངས་ཚང་བའི་དབུས་སུ་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་མཁས་དབང་ཀུན་དགའ་རྒྱལ་མཚན་དང་ཉིད་ཀྱི་ཁུ་བོ་བླ་མ་མཁས་བཟང་སོགས་དང་། ལྷག་པར་དུ་མ་ཧཱ་པཎྚི་ཏ་ངག་དབང་བློ་གྲོས་གྲགས་པ་གཙུག་གི་རྒྱན་བཞིན་བསྟེན་ཏེ་མདོ་སྔགས་གཞུང་ཆེན་ཇི་སྙེད་དང་། དེ་ལས་ཀྱང་འཁོར་ལོ་མཐའ་མའི་བསྟན་དོན་དཔལ་ལྡན་ཇོ་ནང་བའི་རིང་ལུགས་དྲི་མ་མེད་པ་གཞན་སྟོང་གི་ཆོས་སྐོར་ཡོད་ཚད། དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ཀྱི་རིམ་པ་སྦྱོར་བ་ཡན་ལག་དྲུག་པ་དང་མྱུར་ལམ་ཁྱད་པར་ཅན་སྐལ་ལྡན་འགའ་ཕན་སོགས་ལ་དོན་སྤྱི་ཙམ་མ་ཡིན་པར་ཐོས་བསམ་སྒོམ་གསུམ་གྱི་མཛད་པ་ལྷུར་བླངས་སོ། །

     ཁོང་རིན་པོ་ཆེ་གདན་སར་བཞུགས་པ་ནས་དགོན་འདིར་ལུགས་གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས་པ་ཤིན་ཏུ་བསྡུས་པ་ཙམ་གླེང་ན། སྤྱིར་ཆོས་སྒོ་གསར་དུ་ཕྱེ་བ་ནས་དམ་པ་གང་གིས་དགོན་པའི་བྱ་བ་ཆེ་མ་ཆུང་གསུམ་གང་ལའང་ཐུགས་ཁུར་ཟབ་བཞེས་གནང་ཞིང་། ལྷག་པར་དུ་སྤྱི་ལོ་༡༩༨༩ལོར་དབྱར་གནས་ཀྱི་དགེ་འདུན་པ་ཡོངས་ལ་ལོ་ཆེན་སྡོམ་གསུམ་རྣམ་བཞག་སོགས་དམ་པའི་ཆོས་འདུལ་བ་རྒྱ་མཚོའི་གཞུང་ཁྲིད་ཞིབ་ཏུ་གནང་སྟེ་དགོན་འདིར་བཞུགས་པའི་གྲྭ་བ་ཐམས་ཅད་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཤ་སྟག་ཏུ་བསྒྱུར་པར་མ་ཟད། དགོན་འདིའི་རིག་སྨྲ་བ་མང་བོ་ཞིག་ལ་མངོན་པ་མཛོད་དང་། ཕར་ཕྱིན་ཡུམ་དོན་གསལ་བའི་མེ་ལོང་སོགས་རྒྱད་པར་ཁྲིད་དེ་བཤད་སྒྲུབ་བསྟན་པའི་རྨང་གཞི་བརྟན་པོ་བཙུགས། ཕྱི་ལོ་དགོན་འདིའི་གཙུག་ལག་ཁང་ཆེན་མོ་གསར་བཞེངས་ཀྱི་དབུ་ཚུགས་པ་དང་། བཟོ་སྐྲུན་ལོ་གཉིས་ལ་ཉེ་བ་ན་ཡོངས་སུ་གྲུབ་ཅིང་། དེ་དུས་རྩི་ནང་དགོན་གྱི་རྡོ་རྗེ་སློབ་དཔོན་ཀུན་དགའ་མཁས་གྲུབ་དཔལ་བཟང་བོ་སོགས་གདན་དྲངས་ཏེ་གཙུག་ལག་ཁང་མདོ་སྔགས་བཤད་སྒྲུབ་ཆོས་ཀྱི་ལྡིང་ཁང་གི་རྟེན་དང་བརྟེན་པའི་དཀྱིལ་འཁོར་མཐའ་དག་ལ་རབ་གནས་ཀྱི་མཛད་སྒོ་རྒྱ་ཆེར་སྤེལ། ལོ་རབས་དགུ་བཅུའི་དུས་འགོར་དམ་པ་གང་གི་ཐུགས་བསྐྱེད་ལས་བཤད་གྲྭ་བ་གཅིག་པུའང་ཕལ་ཆེར་བརྒྱད་ཅུར་ཉེ་བ་ཡོད་ལ། དགོན་འདིའི་གདན་རབས་རིན་པོ་ཆེའི་ཕྲེང་བ་སོགས་ཀྱང་སྐབས་དེ་དུས་ལྗགས་རྩོམ་གནང་བའོ།། ༡༩༩༦ལོའི་དབྱར་གནས་སྐབས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་གདན་ཞུས་ལྟར་དེ་གར་ཕེབས་ནས་ཆོས་བརྒྱུད་སོ་སོའི་བླ་སྤྲུལ་སོགས་ལ་གཞན་སྟོང་འཇིགས་མེད་གདོང་ལྔའི་ང་རོ་དང་། ཆོས་འབྱུང་ཟླ་བའི་སྒྲོན་མེ། གྲུབ་མཐའ་ཡིད་ཀྱི་རྒྱན་བཟང་སོགས་རྒྱས་ཁྲིད་གནང་ཞིང་། ཡུལ་དེའི་དད་ལྡན་མང་བོར་དུས་འཁོར་གྱི་རྗེས་གནང་དང་། རྒྱལ་ས་པེ་ཅང་གི་སྤྲིན་དཀར་དགོན་ཏེ་རྒྱའི་སྐད་དུ་པེ་ཡོན་སུས་ཞེས་པར་ཕེབས་ཏེ་ཀུན་མཁྱེན་ཇོ་ནང་བ་ཆེན་པོའི་རྗེས་གནང་དང་ཚེ་དབང་སོགས་གསུངས་པ་དང་། བསྟན་འགྲོའི་བྱ་བ་རླབས་ཆེན་ལེགས་པར་བསྒྲུབས་རྗེས་ཕྱིར་དགོན་ནང་དུ་ཕེབས་ནས་སྔར་ལྟར་བཤད་སྒྲུབ་ཀྱི་བྱ་བ་ཆད་མེད་དུ་བསྐྱངས། སྐབས་དེ་དུས་སུ་བསྡུས་གྲྭ་བ་ཁོ་ནར་གྲྭ་བ་བརྒྱད་ཅུ་ལྷག་ཡོད་པས་མདོ་སྔགས་བཤད་སྒྲུབ་ཀྱི་བྱ་བ་དབྱར་མཚོ་བཞིན་རྒྱས་པའི་སྐབས་ཡིན་ལ། མ་ཟད་དམ་པ་ཁོང་གིས་དགོན་འདིའི་སྒྲིག་ལམ་སྣ་ཚོགས་ཐོར་ཞིག་ཏུ་སོང་བ་རྣམས་སླར་བཅོས་བསྒྱུར་དང་སྒྱུར་བཀོད་གསར་བའི་སྒོ་ནས་ཆོས་ཁྲིམས་གཙང་ཞིང་བཙུན་པ་དར་དཀར་ཡུག་གཅིག་གིས་ཁེབས་པར་བྱས་སོ།། སྤྱི་ལོ་ཉིས་སྟོང་གཅིག་ལོའི་ཟླ་བཞི་བར་ཁོང་གིས་བཞེངས་པའི་དུས་འཁོར་གཞལ་ཡང་ཁང་རྟེན་དང་བརྟེན་པ་ལེགས་པར་གྲུབ་པ་ལ་རྣལ་འབྱོར་བ་ཆེན་པོ་ངག་དབང་གསལ་ལྡན་རྒྱ་མཚོ་སོགས་ཀྱིས་རབ་གནས་ཆོ་ག་རྒྱ་ཆེར་བསྒྲུབས། ལོ་དེར་ཁོང་གིས་ཡུལ་འདིའི་སེར་སྐྱ་མང་ཚོགས་ལ་དུས་འཁོར་དབང་ཆེན་ཐེངས་དང་བོ་གསུངས་སོ།། ཉིས་སྟོང་བཞི་ལོར་མཁན་རིན་པོ་ཆེས་དགོན་འདིའི་དབྱར་གནས་དགེ་འདུན་པ་ཡོངས་ལ་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་སོགས་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ཕངས་མེད་བསྩལ་ཅིང་། ལོ་དེར་སློབ་ཆུང་བློ་གསལ་གླིང་སྔར་ལས་ཇེ་རྒྱས་སུ་བཏང་ནས་བྱིས་པ་ཀློག་སློབ་པ་ཁོ་ནར་བརྒྱད་ཅུ་ཙམ་ཉེ་བ་ལ་འཛིན་གྲྭ་སོ་སོར་བཀར་ཏེ་དགེ་རྒན་བཀོད་སྒྲིག་བྱས་ལ། བཤད་གྲྭའང་སྔར་ལས་འཐུས་ཇེ་ཚང་དུ་བཏང་སྟེ་ཕྱི་ནང་གཉིས་སུ་བཀར་བ་དང་། བཤད་གྲྭ་ནང་མཚམས་པ་དག་གིས་གཞུང་ཆེན་མོ་གཅིག་པུར་འབད་བརྩོན་བྱེད་པ་ལས་དགོན་གཞུང་གི་འབྲེལ་ཡོད་སྒྲུབ་མཆོད་སོགས་ལ་ཕེབས་མི་དགོས་པའི་སྲོལ་བཏོད་པ་ནི་རིག་སྨྲ་བ་དག་ལ་མཚོན་ན་གཞུང་ལ་སྦྱང་བར་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་བླ་ལྷག་ཐོན་པའོ།། སྤྱི་ལོ༢༠༠༦ལོར་ཇོ་ནང་བའི་དགོན་སྡེ་སུམ་ཅུ་ལྷག་གི་རིག་པ་སྨྲ་བ་སྟོང་ཕྲག་ལ་ཉེ་བ་དགོན་འདིར་བྱོན་ཏེ་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཐེངས་དང་པོ་ཚོགས་ལ། ཁོང་གིས་དགེ་འདུན་པ་ཡོངས་ལ་བཀའ་བསྡུ་བཞི་བའི་རྩ་འགྲེལ་དང་། ཚུལ་གཉིས་རྣམ་འབྱེད་སོགས་ཀྱི་འཆད་ཁྲིད་མང་དུ་གནང་། ལོ་དེར་རྔ་བའི་རྩི་ནང་དགོན་ནས་དུས་འཁོར་དབང་ཆེན་ཐེངས་གསུམ་པ་གསུངས་སོ།། དེ་ལྟར་དམ་པ་ཁོང་གིས་ད་ལྟའི་བར་དུ་དགོན་འདིའི་བཤད་སྒྲུབ་གཉིས་ཀྱི་བྱ་བར་ཐུགས་ལྷོད་མེད་པར་གནང་བ་དང་། ཆབས་ཅིག་ཏུ་ཡུལ་སྡེ་དང་དགོན་སྡེ་གཞན་གྱི་རེ་སྐུལ་བཞིན་གང་སར་དུས་འཁོར་དབང་ཆེན་དང་། མདོ་སྔགས་གཞུང་ལུགས་ཀྱི་འཆད་ཁྲིད་ཟབ་རྒྱས་ཟམ་མ་ཆད་པར་གནང་སྟེ་སྐུ་འཚོ་བཞུགས་གནང་བ་འདི་ཉིད་ལགས་ཤིང་། ད་ལྟ་དགུང་ལོ་བརྒྱད་ཅུར་ཉེ་ནའང་། བསྟན་འགྲོའི་དོན་དུ་ངལ་བ་འཛེམས་མེད་ཀྱིས་ཀྲུང་གོ་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་སློབ་དཔོན་དང་། རྔ་བ་རྩི་ནང་དགོན་གྱི་རྡོ་རྗེ་སློབ་དཔོན། མངའ་རིས་འབོ་དཀར་དགོན་གྱི་རྡོ་རྗེ་སློབ་དཔོན། ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ། ཇོ་ནང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་དུས་ཚོགས་ཀྱི་མཁན་པོ་སོགས་ཀྱི་འགན་གཅིག་ལྕོགས་སུ་འཁུར་མུས་སུ་གནང་བ་འདིའོ། །

     ཆོས་སྡེ་འདིའི་ལོ་གཅིག་གི་ཆོས་སྤྱོད་སོགས་མདོ་ཙམ་མཚམས་སྦྱར་ན། ལོ་རེའི་བོད་ཟླ་དང་བོའི་ནང་དུས་འཁོར་རྙིང་བའི་ཆོ་ག་རིས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་ཉིན་བཅུ་ཙམ་གྱི་ཆོས་ཚོགས་ཡོད་ལ། ཟླ་གཉིས་པའི་ནང་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་པ་འཕང་མནན་སྲེག་གསུམ་བཅས་དང་། ཟླ་གསུམ་པའི་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་འདས་མཆོད་ལ་ཐམས་ཅད་རིག་པའི་དཀྱིལ་འཁོར་རིས་བྲིས་ལ་བརྟེན་པ་དང་། ཟླ་བཞི་བའི་ནང་ས་ག་ཟླ་བའི་དུས་མཆོད་ཆེན་མོ་དུས་འཁོར་གསར་བའི་ཆོ་ག་རྡུལ་ཚོན་ལ་བརྟེན་ནས་སྦྱོར་བ་གར་འཆམ་དངོས་གཞི་རྗེས་དང་བཅས་པ་ཉིན་བཅུ་བཞི། ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་དགེ་འདུན་པ་ཡོངས་རྫོགས་ཟླ་བ་གསུམ་གྱི་རིང་དུ་དབྱར་གནས་ལ་བཞུགས་ཤིང་། ཟླ་བདུན་པའི་ཚེས་ཉེར་དགུ་སོགས་ལ་དབྱར་གནས་དགག་དབྱེ་དང་དབྱར་སྟོན་སོགས་བྱེད། ཟླ་དགུ་བའི་ནང་དབང་ཆེན་རྟ་མགྲིན་གྱི་སྒྲུབ་པ་ཉིན་བདུན་དང་། ཟླ་བཅུ་བའི་ནང་ཇོ་ནང་ཀུན་མཁྱེན་དོལ་བུ་བའི་འདས་མཆོད་དུ་ཀུན་མཁྱེན་སྟོང་མཆོད། ཀུན་མཁྱེན་ཚོགས་མཆོད་སོགས་ཉིན་གསུམ་ཙམ། ཟླ་བཅུག་གཅིག་པའི་ནང་བསྟན་འགྲོ་སྤྱིའི་སྐུ་རིམ་ལ་གདུགས་དཀར་རིང་ཐུང་འབུམ། ཤེར་སྙིང་ཁྲི་ཕྲག སྒྲོལ་མ་འབུམ་སོགས་ཉིན་བཅུ་ཙམ་ལ་ཚོགས་པ་དང་། ཟླ་བཅུ་གཉིས་པའི་ནང་སེང་གདོང་བདུད་འདུལ་དྲག་མོ་དང་རྡོ་རྗེ་འཇིགས་མཛད་ཆེན་པོའི་སྒྲུབ་ཐབས་ཀྱི་སྒོ་ནས་དྲུག་ཅུའི་གཏོར་ཆོག་ཁམས་གསུམ་ཟིལ་གནོན་ལ་བརྟེན་ནས་དྲག་པོའི་གཏོར་རྒྱག་དང་བཅས་པ་ནི་ལོ་གཅིག་གི་ཆོས་སྤྱོད་གཙོ་བོའི་སྐོར་ཡིན་ནོ།  །

    ད་ལྟའི་དགོན་པའི་ཕྱིའི་བཟོ་སྐྲུན་གྱི་རྣམ་པ་དང་སྐུ་གསུང་ཐུགས་རྟེན་གྱི་སྐོར་ཅུང་ཟད་གླེང་ན། ཆོས་སྡེ་འདི་རྒྱབ་རི་གདུགས་དཀར་བོ་གྱེན་དུ་བསླངས་འདྲའི་ཤོད་དུ་ནར་མོའི་ཚུལ་དུ་ཆགས་ཡོད་ཅིང་། ཕལ་ཆེར་དཀྱིལ་དབུས་ལྟ་བུར་ཚོགས་ཆེན་འདུ་ཁང་ཆེན་མོ་ཐོག་བརྩེགས་གསུམ་ཅན། ཀ་བ་བརྒྱ་དང་ཉི་ཤུ་ལྷག་གིས་གྲུབ་པ་ཤིན་ཏུ་བརྗིད་ལྡན་ཟངས་ཀྱི་རྒྱ་ཕིབས་ཅན་ཡོད་ལ། དེའི་ཟུར་དུ་རུང་ཁང་ཡོད། ཚོགས་ཆེན་འདུ་ཁང་གི་རྟེན་གཙོ་བོ་རྒྱུ་གསེར་ཟངས་ལས་གྲུབ་པའི་སྟོན་པ་གཙོ་འཁོར་གསུམ་མཐོ་ཚད་ལ་རྨིད་ལྔ་སོན་པ་ཅན་དང་། དེའི་གཡས་གཡོན་དུ་ཀུན་མཁྱེན་དོལ་བུ་བ་དང་། དུས་འཁོར་སོགས་མཐོ་ཚད་རྨིད་གསུམ་ཙམ་ཅན། སངས་རྒྱས་ཆོས་འཕགས་ཀྱི་ཚེམས་དང་། དགོན་འདིའི་གདན་རབས་བཅུ་གཉིས་པ་པཎ་ཆེན་རིན་པོ་ཆེ་སོགས་ཀྱིས་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་བསྔགས་པའི་བླ་མ་མཁས་བཟང་མཆོག་དང་། མཁན་པོ་གསང་སྔགས་བསྟན་འཛིན་གྱི་སྐུ་གདུང་སོགས་བྱིན་རླབས་ཀྱི་ཚན་ཁ་འབར་བའི་རྟེན་མང་བོ་མཆིས་སོ།། འདུ་ཁང་དུ་གྲྭ་བ་སྟོང་ཕྲག་མང་བོ་ཤོང་ལ། ཕྱོགས་བཞིའི་རྩིག་ངོས་སུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་། དུས་འཁོར་བླ་བརྒྱུད། སྟོན་པའི་འཁྲུངས་རབས། འོད་དཔག་མེད། མི་འཁྲུགས་པ། རྟ་མགྲིན་དང་ཕུར་བ་སོགས་ཡི་དམ་གྱི་སྐོར། ཟངས་མདོག་དཔལ་རིའི་ཞིང་བཀོད།  སྒྲོལ་མ་ཉེར་གཅིག་སོགས་ལྷའི་བཟོ་བོ་བི་ཤྭ་ཀརྨའི་ཕྱག་ལས་ཐོན་འདྲའི་ཞལ་ཐང་སྣ་ཚོགས་མིག་གི་དཔལ་དུ་བཀྲ། གཞན་བཀའ་བསྟན་རིན་པོ་ཆེ་ཚར་དུ་མ་དང་། ཀུན་མཁྱེན་དོལ་བུ་བ། རྗེ་བཙུན་ཏཱ་ར་ནཱ་ཐ། མ་ཧཱ་པཎ་ཆེན་བློ་གྲོས་གྲགས་པ་སོགས་ཀྱི་བཀའ་འབུམ་དང་། གྲུབ་མཐའ་གཞན་གྱི་མཁས་པའི་གསུང་འབུམ་ཤིན་ཏུ་མང་བོ་བཞུགས། འདུ་ཁང་གི་ཐོག་བརྩེགས་གཉིས་པ་ནི་སྒྲོལ་མའི་ལྷ་ཁང་ཡིན་ལ། དེར་སྒྲོལ་མ་ཉེར་གཅིག་གིས་གཙོས་པའི་སྐུ་འདྲ་སྣ་ཚོགས་དང་། ཐོག་བརྩེགས་གསུམ་པ་མགོན་ཁང་སྟེ། དེར་དཔལ་ལྡན་གུར་གྱི་མགོན་པོ་སོགས་རྒྱུ་གསེར་ཟངས་ལས་གྲུབ་ཅིང་། མཐོ་ཚད་རྨིད་གཅིག་ཙམ་ཡོད་པའི་ཆོས་སྐྱོང་འཁོར་ཚོགས་ཀྱི་སྐུ་དང་། གཞན་ཞལ་ཐང་སྣ་ཚོགས་ཡུལ་འདིའི་བསོད་ནམས་ཀྱི་རྟེན་དུ་ལྷམ།

    ཚོགས་ཆེན་འདུ་ཁང་གི་གཡོན་ཕྱོགས་སུ་དུས་འཁོར་བློས་བསླངས་ཀྱི་ཕོ་བྲང་ཡོད་ལ། དེར་རྗེ་བཙུན་ཏཱ་ར་ནཱ་ཐའི་ཐིག་ཡིག་ལྟར་བཞེངས་ཤིང་། རྒྱུ་རིན་ཆེན་སྣ་ཚོགས་ཀྱིས་གྲུབ་པའི་དུས་འཁོར་བློས་བསླངས་ངོ་མཚར་ལྟ་ན་སྡུག་པ་མཆིས། དེའི་ཐོག་བརྩེགས་གཉིས་པར་གཙོ་སྐུ་རྗེ་བཙུན་བྱམས་མགོན་ཡིན་པའི་སྐུ་དང་ཞལ་ཐང་སྣ་ཚོགས། ཐོག་བརྩེགས་གསུམ་པར་ཀུན་མཁྱེན་དོལ་བུ་བ་དང་། རྗེ་བཙུན་ཏཱ་ར་ནཱ་ཐ། ངག་དབང་བློ་གྲོས་གྲགས་པ། རིགས་ལྡན་སོ་ལྔ་སོགས་ཀྱི་འདྲ་སྐུ་དང་། རྒྱལ་བའི་བཀའ་བསྟན་སོགས་གསུང་རབ་སྣ་ཚོགས་བཞུགས། འདི་དང་ཐག་མི་རིང་བའི་ས་ན་སྒྲུབ་གྲྭ་བསམ་གཏན་གླིང་གི་འདུ་ཁང་འདུག་ལ། དེའི་ཐོག་བརྩེགས་དང་བོ་ནི་སྒྲུབ་གྲྭ་བ་ཚོགས་ས་དང་། ཐོག་བརྩེགས་གཉིས་པ་མགོན་ཁང་སྟེ། དེར་ཆོས་སྐྱོང་འཁོར་ཚོགས་དང་། བླ་མའི་ཚོགས་ཞིང་། སྐྱབས་འགྲོའི་ཚོགས་ཞིང་སོགས་ཀྱི་འདྲ་སྐུ་དང་ཞལ་ཐང་མང་ངོ་།། ད་ལྟ་འདིར་སྒྲུབ་གྲྭ་བ་ལྔ་བཅུ་ལྷག་གིས་སྦྱོར་དྲུག་གི་ཉམས་ལེན་ལ་གཞོལ་མུས་སུ་མཆིས།

    ཚོགས་ཆེན་འདུ་ཁང་གི་གཡས་ཕྱོགས་སུ་སྔོན་མའི་བཤད་གྲྭའི་འདུ་ཁང་རྙིང་བ་ཡོད། དེའི་གོང་དུ་དགོན་འདིའི་གདན་རབས་བཅུ་གཅིག་པ་སྒར་ཆུང་མཁན་པོ་ངག་དབང་རབ་གསལ་གྱི་ཡང་སྤྲུལ། སྤྲུལ་སྐུ་ཀུན་དགའ་བཟང་བོས་གཙོ་འགན་བཞེས་ཏེ་བཞེངས་པའི་བཤད་གྲྭ་ལྔ་རིག་ཐོས་བསམ་དར་རྒྱས་གླིང་དབྱིབས་གྲུ་བཞིའི་རྣམ་པ་ཤིན་ཏུ་རྒྱ་ཆེ་བ་ཅན་ཡོད་ལ། སྒོ་ནང་ནས་ཡར་ཐོན་མ་ཐག་ཁ་གཏད་དུ་སྲོལ་རྒྱུན་དང་དེང་རབས་ཀྱི་ཁྱད་ཆོས་ཉིས་ཆ་འཛོམས་པའི་ཐོག་ཁང་བརྩེགས་མ་གསུམ་ཅན་ཞིག་ལྷང་ངེར་འགྱིང་ཞིང་། དེའི་ཐོག་བརྩེགས་དང་བོ་དཔེ་མཛོད་ཁང་དང་། གཉིས་པ་དང་གསུམ་པ་ཚོགས་ཁང་དང་འཛིན་གྲྭའི་ཁང་བ་ཡིན། སྒོའི་གཡས་གཡོན་སོགས་ནི་ཐོག་བརྩེགས་གཉིས་ཅན་གྱི་ཉལ་ཁང་བརྒྱ་ཕྲག་ལྷག་གི་མུ་ཁྱུད་ཀྱིས་བསྐོར་ཡོད་ཅིང་། དབུས་ནི་ཁོད་ཡངས་པའི་ཁྱམས་རའོ།། སློབ་གླིང་འདིར་གྲྭ་བ་བརྒྱ་ཕྲག་ལྷག་ཡོད་ལ། གཙོ་བོ་ཇོ་ནང་བའི་རང་ལུགས་གཙོར་བྱས་པའི་བསྡུས་གྲྭ་སོགས་དང་། གཞུང་བཀའ་པོད་ལྔ། རྩིས་དཀར་ནག་སོགས་རིག་གནས་བཅུ་ལ་སྦྱོང་བ་བྱེད། བཤད་གྲྭ་རྙིང་བའི་མདུན་དུ་སློབ་ཆུང་བློ་གསལ་གླིང་ཡོད་པ་དང་། དེ་འཛིན་གྲྭ་ལྔ་རུ་བྱས་ཏེ་སྦྱང་བྱ་གཙོ་བོ་ཡི་གེ་འབྲི་ཀློག་དང་། འདོན་པ་བློ་འཛིན། སུམ་རྟགས་དག་གསུམ་སོགས་ཡིན་ལ། སློབ་མ་བརྒྱ་ལྷག་མཆིས། ཚོགས་ཆེན་འདུ་ཁང་དང་། བཤད་གྲྭ་སོགས་ཀྱི་གཡས་གཡོན་དུ་གྲྭ་ཤག་བརྒྱ་ཕྲག་མང་བོ་མིག་མངས་ཀྱི་རི་མོ་ལྟར་ཤིན་ཏུ་གྲལ་དག་ལ་ངོས་སྙོམས་པར་ཡོད་པ་འདིས་གནས་འདིར་ཡོང་བའི་མི་སུ་ལའང་ཆོས་སྡེ་འདིའི་ཕྱིའི་བཀོད་པར་མཛེས་སྡུག་ཡིད་དུ་འོང་བའི་ལང་ཚོའི་གཟི་དཔལ་ཞིག་བསྣན་པའི་ཚོར་བ་ངང་ངམ་ཤུགས་ཀྱིས་སྟེར། ད་ལྟ་དགོན་འདིར་རྒྱུན་བཞུགས་ཀྱི་གྲྭ་བ་སུམ་བརྒྱ་ལྷག་འདུག་ལ། རྒན་གཞོན་བར་མ་སུ་ཞིག་ཡིན་ཀྱང་སོ་ཐར་གྱི་སྡོམ་པ་དང་། བྱང་སེམས་ཀྱི་བསླབ་པ། གསང་སྔགས་ཀྱི་དམ་ཚིག་ཚུལ་བཞིན་དུ་སྲུང་དགོས་པར་མ་ཟད། ཟླ་རེའི་ནང་དུ་ཡར་ངོ་དང་མར་ངོའི་མཐུན་པའི་གསོ་སྦྱོང་། ཤེར་སྙིང་བདུད་ཟློག་སོགས་ད་ལྟའི་བར་རྒྱུན་མ་ཆད་པར་གསུངས།

    སྤྱིར་དགོན་སྡེ་འདི་སྦྲ་གུར་གྱི་ཆོས་སྡེའམ་ནག་སྒར་ནས་གཏན་ཆགས་ཅན་གྱི་དགོན་སྡེ་རུ་འཛུགས་སྐྲུན་བྱས་ཏེ་མི་ལོ་ཉེར་ལྔ་ཙམ་ལས་འགོར་མེད་ནའང་། ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་རྒྱབ་སྐྱོར་དང་། ལྷག་ཏུ་ཆོས་སྡེ་འདིའི་བསྟན་པའི་བདག་པོ་ཀུན་དགའ་ཤེས་རབ་གསལ་བྱེད་མཆོག་གི་ཐུགས་བསྐྱེད་རླབས་པོ་ཆེའི་བྱིན་རླབས་འོག་དམ་པ་གང་གི་སློབ་བུ་བློ་བཟང་ཆོས་གྲགས་རྒྱ་མཚོ་དང་། མཁན་སྤྲུལ་ཕན་བདེ་རྒྱ་མཚོ། སྤྲུལ་སྐུ་ཀུན་དགའ་བཟང་བོ་སོགས་གཙོས་པའི་བླ་གྲྭ་ཡོངས་ཀྱི་འབད་བརྩོན་ལས་ད་ལྟ་ཆོས་སྡེ་འདིའི་ཕྱིའི་འཛུགས་སྐྲུན་དང་། ནང་གི་སྒྲིག་ལམ། བསླབ་པ་སློབ་གཉེར་སོགས་ཕྱོགས་གང་ཆ་ནས་རྒྱལ་བའི་བསྟན་པ་འཛིན་པའི་དགོན་སྡེ་མང་བོའི་མིག་དཔེ་རུ་འགྱུར་བཞིན་པ་འདིའོ།། འདིར་སྨྲས་པ་རྣམས་ནི་ད་ལོའི་དབྱར་གནང་སྐབས་ཁོ་བོ་དངོས་སུ་དགོན་དེར་བསྐྱོད་པའི་མཐོང་ཐོས་དང་། གཞན་ཆོས་སྡེ་འདིའི་མཁན་པོ་སོགས་ལ་བཅར་འདྲི། ལོ་རྒྱུས་ཡིག་ཚང་སོགས་ལ་ཟུར་ལྟ་བྱས་པ་རྩོམ་པའི་རྒྱུ་རུ་བྱས་ཏེ་བྲིས་པ་དགེ་གྱུར་ཅིག

སྨྲས་པ། 

སྒྲ་རྟོག་བློ་ཡི་སྒྱུ་འཕྲུལ་ལས་བབས་སྔོན་བྱུང་གཏམ་གྱི་དྭངས་གསལ་ཆབ།།

སྐབས་རེར་མ་རྟོགས་ལོག་བཤད་རྡུལ་གྱིས་རྙོག་པར་བཟོས་པ་ཇི་སྙེད་པ།།

གཟུར་གནས་མཁས་པའི་སྤྱན་སྔགས་འཆགས་ཤིང་གང་དེའི་ནོར་བུས་དྭངས་བྱས་ཏེ།།

ཆོས་རིག་དར་ལ་འགྲོ་ཀུན་སྐྱིད་པའི་རྒྱུ་རུ་འགྱུར་བར་སྙིང་ནས་སྨོན།། 



རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

ཁྲི་གླིང་པདྨ་ཡང་གསང་།  

བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་༢༠༡༠ལོའི་ཞིབ་འཇུག་སློབ་མ། 

ཞིབ་འཇུག་གི་ཁ་ཕྱོགས། ནང་བསྟན།

万玛羊桑 西藏大学文学院2010级硕士研究生 研究方向:宗印

联系电话:1330898889015897267171

论文名:略述觉囊派尖木达寺院历史渊源


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/3/28 བལྟ་ཀློག (4259)