འཛམ་ཐང་དགོན་ཆེན་ངོ་སྤྲོད་མདོར་བསྡུས།

     མདོ་སྨད་འཛམ་ཐང་ཆོས་ཀྱི་ཕོ་བྲང་ནི།   གྲུབ་མཐའ་ཇོ་ནང་།   ས་གནས།    སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འཛམ་ཐང་རྫོང་ནས་སྤྱི་ལེ༥༠ ཙམ་གྱི་མཚམས་སུ།   འཛི་སྐའི་ཛམ་བྷ་ལའི་རི་ངོགས་ན་ཆགས་འདུག    དགོན་དེའི་ཆེ་ཆུང་ལ།    བྱང་ཤམ་བྷ་ལའི་བཞི་ཆ་ཙམ་ཡོད་ཟེར།    དགོན་བདག་ནི། གཙང་བ་བསེ་བྱང་སྤྲུལ་སྐུ་འཇིགས་མེད་ཕུན་ཚོགས།   ད་སྐབས་དགོན་དེ་ན་སྤྱིར་གྲྭ་པ་གཉིས་སྟོང་ལྷག་དང་།    ཁྱད་པར་དུ་གཟིམ་ཁང་ཕོ་བྲང་ན།     སྒྲུབ་གྲྭ་པ༥༠༠དང་།     ཇོ་ནང་མདོ་སྔགས་སློབ་གླིང་ན།   བཤད་གྲྭ་པ༤༠༠   སློབ་ཆུང་ན་གྲྭ་ཆུང་ ༣༠༠   ཙམ་འདུག        ཇོ་ནང་པའི་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་གཙང་བ་སྐུ་འབྲིང་སྤྲུལ་སྐུ་འཇིགས་མེད་རྡོ་རྗེ་སོགས་བླ་སྤྲུལ་ཡང་མང་པོ་འདུག    ཁྱད་པར་དུ་དགོན་དེ་ན་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ཀྱི་སྒྲུབ་པ་ཉམས་ལེན་པ།     དུས་ཀྱི་འཁོར་ལོའི་རྒྱུད་ལས་བཤད་པ་བཞིན།    ཉམས་དང་རྟོགས་པ་ཇི་མ་ཇི་བཞིན་ཡོད་ས་དེང་སང་ཡང་མང་པོ་འདུག་ཟེར།  དགོན་དེའི་ཉེ་འདབས་ཀྱི་རི་ལུང་ཐམས་ཅད་ན་ཚེ་མཚམས་པ་དང་།    དེ་མ་ཟད་གྲོང་ནག་ཁྱིམ་ཐབས་པ་སོགས་ཀྱི་ནང་ན་ཡང་རྒ་རྒས་དུས་འཁོར་རྫོགས་རིམ་གྱི་སེམས་ངོ་སྐྱོང་མཁན་ཁ་ཁེར་ཡོད་ཚོད་འདུག    དེང་སང་གི་དུས་ན་སྤྱིར་ཆོས་པ་ཟེར་བ་དེ།   ཉིན་སྐར་ཙམ་ལས་དཀོན་པའི་དུས་འདིར།  འདི་འདྲའི་སྐད་ཆ་དེ་མི་གཅིག་གི་རྣ་བར་མི་འགྲོ་ཤས་ཆེ་མོད།     ངས་རང་གི་གོ་རིག་རྟོགས་གསུམ་ཡོད་པའི་སྒོ་ནས་སྐད་ཆ་འདི་བཤད་པ་ཡིན་མ་བཏོགས།     རྒྱུ་མཚན་མེད་པར་ཀུ་ཅོ་བསྒྲགས་པ་ནི་མིན།    ཡིད་མི་ཆེས་ན་རང་གི་དངོས་སུ་སོང་ལ་རྒྱུས་ལོན་བྱོས་དང་གོ་ནུས་སོ། །

                                         ༢༠༡༤/༣/༢༣/འཕྲིན་འགོད་པ་རྩི་ནང་དབྱིངས་རིག


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/3/30 བལྟ་ཀློག (4508)