ཤར་སྤྲིན་དཀར་ཡོལ་བའི་མདུན་ན།།
སྒར་ཁྲ་ཁྲ་ཁང་གསར་ཉིན་པ།།
ཁྱོད་རྒྱབ་རི་རྒྱལ་བོ་བཞུགས་འདྲ།།
བྲག་དམར་ཛམ་བྷ་ལ་རེད།།
བྲག་དམར་པོ་འདོད་པ་ཆེ་གི།།
རྒྱུ་འབྱོར་བ་བསྩོལ་བའི་ལྷ་ཡིན།།
མདོ་ཀླུ་མོ་སྟོང་གི་མཚོ་མོ།།
མདོའི་ཀླུ་མོ་འདོད་པ་ཆེ་གི།
ནམ་རིན་ཆེན་འབར་བའི་ལྷ་ཡིན།།
དངུལ་དཀར་པོ་གདན་གྱི་སྟེང་ན།།
དགོན་ཁྲ་ཁྲ་འདོད་པ་ཆེ་གི།།
བླ་གྲྭ་ཚང་དར་གི་ལྷ་ཡིན།།
གསེར་འདུ་ཁང་ཀ་བརྒྱའི་ཁུག་གི།
གདན་པ་ཏྲའི་འབོག་གདན་སྟེང་གི།
བྱ་ཡ་རབས་སྐྱོང་གི་བླ་མ།།
ཆོས་དགེ་འདུན་གྲལ་གྱི་དཔོན་པོ།།
ཁྱེད་ཚུར་ལོངས་ཨ་ཁུ་གཉིས་ཀ།
དགོན་ཆེན་པོའི་སྤྱི་བ་འཇོག་གི།
ལག་ཁམ་འཕྲོའི་འབུད་ཐང་ཟེར་ན།།
ཁྱོད་མཁས་ང་མཁས་མེད་ཀི།།
གཏམ་ཁ་ཚིག་ཕྱོགས་ལ་བསྐོར་ན།།
གླིང་གི་དཔའ་ཐུལ་གཉིས་རེད།།
རྒྱུ་ནོམ་པའི་ཡོང་སྒོ་བཤད་ན།།
འདོ་རྒོད་མས་ཆོ་རྩྭ་ཟ་ཟ།།
འབྲི་མཛོ་མོས་དབྱར་རྩྭ་ཟ་ཟ།།
འབའ་ལག་ག་རྩྭ་མགོར་ཡན་ཡན།།
ལས་དབང་ཐང་བསོད་ནམས་ཅན་གཉིས།།
རྒྱུ་ནོམ་པའི་ཡོང་སྒོ་དེ་རེད།།
རྒྱུ་ནོམ་པའི་འགྲོ་སྒོ་བཤད་ན།།
འདིའི་ཀ་འབུར་རྒྱལ་མཚན་བརྒྱ་བོ།།
དངུལ་བཅུ་མ་བརྒྱད་ཅུའི་རིན་ཡིན།།
གོས་དར་ཚོན་སྣ་ལྔ་བརྒྱ་བོ།།
རྒོད་བཞི་མོ་བཞི་བཅུའི་རིན་ཡིན།།
རྟེན་ལྷ་ཆོས་རིན་གྱིས་མི་ཟིན།།
ཆོས་པོ་ཏི་གནམ་ལ་ཐུག་ཡོད།།
རྒྱུ་ནོམ་པའི་འགྲོ་སྒོ་དེ་ཡིན།།
དགེ་ཁ་ལས་རླུང་རྟ་དར་བའི།།
མི་ཁྱེད་གཉིས་ཚེ་འདིའ་ནང་ནས།།
དབང་མངའ་ཐང་དར་གི་སྨོན་ལམ།།
<<བོད་ཀྱི་ངག་རྒྱུན་གཏམ་རྒྱུན་ཕྱོགས་བསྒྲིགས>>ལས་བཤུས།
|