རྟ་ཆད་ཀྱི་སྐྱོ་གླུ།

ང་རྟ་ནག་བྱ་ནག་དོང་ལྡན།།

ཁོ་སྔ་དྲོ་དར་གི་དུས་ན།།

ཕ་བཟང་དཔོན་པོའི་བཅིབས་པ།།

སྐེ་རྩིད་ལྡོམ་གསུམ་རེ་འདོགས་ཀི།

དབྱར་ཟླ་གསུམ་སེར་ལ་ཕུད་ཐལ།།

དགུན་ཟླ་གསུམ་ཆོས་ཀྱིས་གསོས་ཐལ།།

ངའི་ཟ་རྒྱུ་གྲོ་དང་ནས་རེད།།

མགོ་འཇོག་རྒྱུ་དངུལ་དཀར་སྲབ་རེད།།

རྟ་འདོ་བ་གྱ་ཅུའི་ནང་ན།།

ངའི་སྐྱིད་ཀི་རྟ་ཞི་མེད་ཀི།

ཁོ་ཕྱི་དྲོ་གུད་ཀི་དུས་ན།།

སྡུག་མི་ངན་ལག་ལ་ལྷུང་ཐལ།།

ཁོའི་མགོ་ལ་ཐུར་སྲབ་བཞག་ཐལ།།

ཁོའི་མགོ་ལ་ཀོ་སྒ་བསྟད་ནི།།

ས་ཐང་ཆེན་བྷ་ཡུལ་ཐང་གི།

དབྱར་ཟླ་གསུམ་བུ་མོས་རྫོའུ་རྟ།།

དགུན་ཟླ་གསུམ་མཁོ་མེད་ལྡོམ་པོ།།

རྩྭ་ཁམ་གང་མེད་ས་ཞིག་ནས།།

ཉྭ་བཀུག་བཀུག་ས་ནག་ལྡག་ནི།།

ང་ལས་ངན་དུད་འགྲོའི་ལུས་ལངས།།

ཚིག་བཤད་འདོད་སྨྲ་མེད་ལྐུགས་པ།།

ངའི་ལས་སྡུག་རི་མ་ཕྲ་མོ།།

ངའི་ཡ་ཁོ་སེམས་ཆུང་དཀྱིལ་ནས།།

བསུབ་དང་ན་འཇིག་རྒྱུ་མེད་ཀི།

ངའི་ལས་དབང་ཁམ་རྩེ་འདྲ་བོ།།

ངས་ཚེ་འདིར་མ་མྱོང་ནི་མེད།།

གོམས་འཕྲེད་ལ་སྤོ་རྒྱུ་མེད་ཀི།

ཆུ་ཧུབ་གང་ཁ་ལ་མ་རེག།

ས་འགག་དོག་འགག་འཕྲང་ནང་ནས།།

བྱ་ལྟོགས་སྡུག་ཤར་བའི་ཁྱུ་ལ།།

ངའི་ལུས་སྐམ་རུས་པ་སྤར་གང་།།

གནང་སྦྱིན་པའི་ལས་ཤིག་བསྒྲུབ་རྒྱུ།།

འཕྲོ་ཡང་ཡང་རྟ་ལས་མི་ལེན།།

རིགས་ང་འདྲ་དག་ལ་མ་ཎི།།

ལམ་དཀར་པོའི་ཆོས་ལ་གསོལ་འདེབས།།

སྐྱིད་བར་དོར་མཇལ་གི་སྨོན་ལམ།།

                              <<བོད་ཀྱི་ངག་རྒྱུན་གཏམ་རྒྱུན་ཕྱོགས་བསྒྲིགས།>>ལས་བཤུས།

རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/4/7 བལྟ་ཀློག (21803)