གཡུ་འབྲུག་མཛེས་རྩལ་སློབ་གླིང་འོས་སྦྱོར།

༧ བྱམས་བརྩེའི་སྐྱེད་ཚལ་ལས་སྙིང་སྟོབས་ཀྱི་སྨྱུ་གུ་འབུས་པ།

གཡུ་འབྲུག་མཛེས་རྩལ་སློབ་གླིང་གི་སློབ་གཙོ་ལྷ་རིས་པ་གྲྭ་ཐུབ་ཀོའམ་སྐལ་བཟང་ཐུབ་བསྟན་ལགས།

སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་གཡུ་འབྲུག་མཛེས་རྩལ་སློབ་གྲྭ།



     བོད་ཀྱི་རིག་གནས་ཆེ་བ་ལྔ་ཡི་ཆར་གཏོགས། བཟོ་རིག་པའམ་ལྷ་བཟོ་རིག་པ་སྟེ། འཛམ་གླིང་ཤར་ནུབ་ཀུན་ཏུ་ལྷ་བྲིས་སྒྱུ་རྩལ་གྱི་ལས་རིགས་འདི་ལ་གདེང་འཇོག་ཆེན་པོ་བྱེད་བཞིན་པའི་དུས་ཀྱི་འགྲོས་དང་བསྟུན་ཏེ་ལྷ་རིས་པ་གྲྭ་ཐུབ་ཀོའམ་སྐལ་བཟང་ཐུབ་བསྟན་ལགས་ཀྱི་བྱམས་བརྩེའི་སྐྱེད་ཚལ་ལས་སྙིང་སྟོབས་ཀྱི་སྨྱུ་གུ་འབུས་ཏེ་ཉམ་ཐག་ཉམ་ཆུང་གི་འཚོ་བའི་དགོས་དམིགས་དང་བསྟུན༼གཡུ་འབྲུག་མཛེས་རྩལ་སློབ་གྲྭ༽ཞེས་པའི་བྱམས་སྙིང་ཟུང་འབྲེལ་གྱི་སློབ་གྲྭ་ཞིག་གསར་དུ་བསྐྲུན་རྩིས་ཀྱི་ལས་འཆར་ཁྲོད། ཁོང་ནི་འབྱོར་ལྡན་དང་བླ་དཔོན་སོགས་ཀྱི་ཆོ་ལོ་ཁྱེར་བའི་སྐུ་དྲག་མི་དྲག་མིན་ཡང་། ཁོང་ནི་གོས་ལྷ་པཎྜི་ཏའི་རྐང་འཛིན་བརྒྱ་ཡི་ཁྲོད་ཀྱི་གཅིག་ཡིན་ལ། སྤྱི་ལོ ༡༩༦༨ལོར་རྔ་གཡང་གསེར་ལྡན་དགའ་མའི་ཁོངས་གཏོགས་རག་རྩ་སྡེ་བར་མཚན་བཟང་སྐུ་ཡི་ཕོ་བྲང་གསར་དུ་རྙེད། སྤྱི་ལོ ༡༩༨༠ལོར་དཔལ་ས་སྐྱའི་སྒྲུབ་རྒྱུད་སྐྱོང་བའི་བསྟི་གནས་རག་རྩ་དགོན་བསམ་གཏན་འཕེལ་རྒྱས་གླིང་གི་ཚོགས་གྲལ་དུ་ཞུགས། ཐོག་མར་ཡི་གེ་འབྲི་ཀློག་དང་དགོན་པའི་ཚོགས་འདོན་ཆོས་སྤྱོད་སོགས་ལེགས་པར་བསླབས་ཤིང་ལོ་གསུམ་གྱིས་སྦྱངས་འབྲས་གཡུལ་དུ་སྨིན་ཏེ་བླ་གྲྭ་བགྲེས་གཞོན་ཀུན་གྱིས་སྐྱེས་བུ་རིག་ལྡན་གྱི་ཁྲོད་དུ་བགྲང་། སྤྱི་ལོ༡༩༨༣ལོའམ་རང་ལོ་བཅུ་དྲུག་ཡས་མས་ཤིག་ལ་མཚན་སྙན་གྱི་ཅོ་པཎ་དགུང་ལ་གཟེད་པའི་ལྷ་རིས་པ་དགེན་ཟམ་པ་ཐར་གྱི་དྲུང་ནས་ལྷ་བཟོའི་རི་མོ་ཐོག་མར་སྦྱང་འགོ་བརྩམ། ལོ་གཅིག་གི་རིང་ལ་ཐིག་རྩ་དང་རི་མོ་འགྲོ་ལུགས་ཚོན་སྡེབ་ལུགས་སོགས་སྦྱང་བ་ཕུན་སུམ་ཚོགས་ཏེ་ད་ལྟའི་བར་ཞལ་ཐང་ཆེ་ཆུང་དང་རྡོ་བརྐོས་ཤིང་བརྐོས་འཇིམ་སྐུ་སོགས་ས་གནས་དད་ལྡན་དམངས་ཚོགས་ཀྱིས་བསྟོད་པའི་མཐེ་བོ་བགྲང་ཞིང་གཞན་དྲིང་མི་འཇོག་པའི་སོར་མོའི་འཕྲུལ་རྩལ་བཏོན། ད་དུང་མི་ཡུལ་ལ་བཞག་པའི་ཟས་རིན་ནམ་ལྷ་བྲིས་སྒྱུ་རྩལ་གསར་སློབ་དག་ལ་ཕན་ཕྱིར་སྐུ་ཚེགས་ལ་མ་འཛེམས་པར་ཐེངས་དང་པོར༼མཛེས་རྩལ་དཔེ་རིས་སྦྲང་མའི་གཤོག་ལྷབ༽དང་། ཐེངས་གཉིས་པར༼ལྷ་རིས་ཀྱི་ཐིག་རྩ་དང་ཡིག་གཟུགས་འབྲི་ཚུལ་ལས་དང་པོ་བའི་དགའ་སྟོན༽གཉིས་མི་ཡུལ་དུ་བཀྲམ། ཐེངས་གསུམ་པར། གཡུ་འབྲུག་མཛེས་རྩལ་སློབ་གྲྭའི་བྱམས་བརྩེའི་ཉི་འོད་མི་ཡུལ་ལ་བསྒྲོན་པའི་ལྟ་གོན་དང་བཅས་རིན་མེད་སྙིང་རྗེའི་འོ་སྤྲི་དབུལ་ཁྱིམ་ལ་ལྡུད་པའི་སྙིང་སྟོབས་རྙེད་དེ་ད་ལྟ་སློབ་གླིང་ལ་སློབ་མ་སུམ་ཅུ་ཡས་མས་ཤིག་གིས་ལྷ་རིས་སྒྱུ་རྩལ་ལ་སློབ་སྦྱོང་བྱེད་བཞིན་པའོ། །


བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན།


     ཡི་དམ་ཞི་ཁྲོ་བྱངས་སེམས་སོགས་ཀྱི་ཐིག་རྩའི་དཔེ་གང་མང་རང་རེའི་བསིལ་ལྡན་ལྗོངས་ཀྱི་ལྷ་རིས་པ་གྲགས་ཅན་མང་པོའི་ཕྱག་སོར་ལས་འཕོས་པ་དུ་མ་ཞིག་མིག་གི་བདུད་རྩིར་གྱུར་ནའང་།  འབྲུག་རིས་དང་སྤྲིན་རིས་གསེར་བྲིས་སོགས་རི་མོ་འབྲི་ལུགས་ཀྱི་རྣམ་པ་གསར་བ་དེ་འདྲའི་འབུར་ཐོན་ཉུང་བས་ཁོང་གིས་གངས་ཅན་སྒྱུ་རྩལ་གྱི་དོ་རར་འདི་འདྲའི་གོམ་ཁ་འདོར་བའི་སྤོབས་པ་ཞན་ནའང་། རང་གི་ལག་རྩལ་གོང་འཕེལ་དང་། རང་མཉམ་ལྷ་རིས་པ་གསར་སློབ་རྣམས་ལ་ཕན་དུ་རེ་བས་བསླངས་པ་སྨོས་མེད་ཡིན་ནོ། །

རྗེ་བཙུན་སྒྲོལ་མའི་སྐྱ་ཐིག

ཕྱག་རྡོར་གྱི་ཐིག་རྩ།

     ལྷ་རིས་པ་ཁོང་གིས་དཔལ་འབྱོར་གྱི་ཡོང་འབབ་འབེན་དུ་མ་བཟུང་བར་རྔ་ཡུལ་གྱི་ལྷ་རིས་པ་གྲགས་ཅན་སྒར་བྲིས་ཀྱི་བརྒྱུད་པ་གོས་པཎ་ཊི་ཏ་བློ་བཟང་ཤེས་རབ་དང་མི་འགབ་ལྷ་བཟོ།  སྐས་འགོ་ལྷ་བཟོ་དཔལ་བཟང་སོགས་ཀྱིས་བྲིས་པའི་ཐང་ག་སྣ་ཚོགས་དང་།  གཞན་ཡང་དེང་དུས་ཀྱི་ལྷ་དཔེ་དག་ལ་གཟིགས་རྟོགས་ནན་མོ་བྱས་ཏེ་ཐང་ག་ཆེ་ཆུང་བརྒྱ་ཕྲག་མང་བོ་བྲིས་པས། རང་གི་ལག་རྩལ་མངོན་གསལ་གྱིས་གོང་མཐོར་གྱུར་པ་དང་ཆབས་ཅིག་ལྷ་བཟོ་ཐུབ་ཀོ་ནི་གོས་ལྷ་མཆོག་གི་རྒྱུན་འཛིན་དང་རྔ་བྲིས་རྒྱུན་འཛིན་པ་ཞེས་ཡོངས་སུ་གྲགས་པ་དེའོ། །

ལྷ་རིས་པ་ཁོང་གིས་བཞེངས་པའི་རྟ་མགྲིན།


       དེ་ཡང་གྲྭ་ཐུབ་གོ་འམ་གཡུ་འབྲུག་མཛེས་རྩལ་སློབ་གྲྭའི་ཁ་ཕྱོགས་དང་དམིགས་ཡུལ་གང་འདྲ་རེད་ཟེར་ན།

གཅིག

ལྔ་རིག་ཤེས་བྱའི་ཡ་གྱལ་བཟོ་རིག་པ་དེ་ཉིད་དེང་གི་ཆར་དང་བསྟུན་ནས་བོད་རྒྱ་དབྱིན་གསུམ་དང་ཤར་ལྷོ་ནུབ་བྱང་སོགས་གང་སར་ཁྱབ་པའི་ནུས་པ་བླ་ལྷག་གིས་འདོན་རྒྱུ་དང་།  ད་དུང་དུས་རབས་བཅུ་བདུན་པའི་ནང་གི་གོས་ལྷ་པཎྜི་ཏས་དཀའ་བ་ཆེད་བསད་དང་ངལ་བ་དང་ལེན་གྱི་སྒོས། ལོ་བདུན་གྱི་རིང་བལ་བོ་དང་བོད་སྟོད་སྨད་སོགས་ས་གནས་སོ་སོར་བྱོན་ནས་ཞིབ་ འཇུག་བྱས་ཏེ། བོད་ཀྱི་བཟོ་རིག་ཆེན་པོ་དྲུག་གི་གཞི་རྩ་བྱས་ཤིང་དེ་དག་གི་རི་མོའི་གནད་རྩ་དང་ཞལ་ཐིག་གི་རྩ་བ་སོགས་ཕྱོགས་གཅིག་ཏུ་བསྡུས་ཏེ་རྔ་བྲིས་ཞེས་པའི་རི་མོའི་སྲོལ་རྒྱུན་དེ་ཉིད་ད་ལྟའི་བར་མ་ཉམས་གོང་འཕེལ་བྱུང་བའི་རི་མོའི་རྒྱུད་འཛིན་བྱ་རྒྱུ་དེའོ། །

གཉིས།

དུས་རབས་ཀྱི་དཀྱོགས་མཚམས་འདིར་སློབ་སྦྱོང་གི་གོ་སྐབས་བྲལ་ཞིང་རྒྱུ་ནོར་གྱིས་སློབ་ཡོན་མ་འདང་བའི་ཉམ་ཐག་ནུས་མེད་ཀྱི་བྱིས་པ་རྣམས་དང་། མི་ལུས་བླངས་ཀྱང་མི་དོན་མ་འཁྱོངས་པའི་དབང་བོ་སྐྱོན་ཅན་གྱི་བྱིས་པ་སོགས་ཀྱི་མ་འོངས་མདུན་ལམ་གྱི་ཆེད་དུ་རྒྱུ་ནོར་སྐར་གང་གི་སློབ་ཡོན་མི་དགོས་པར་གཡུ་འབྲུག་མཛེས་རྩལ་སློབ་གྲྭའི་ཁོར་ཡུག་བསྐྲུན་པ་འདི་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་དང་།  དེ་མིན་ད་དུང་མ་འོངས་སློབ་མ་དང་སློབ་གྲྭའི་ཕྱོགས་ཀྱི་དཀའ་སྡུག་ཇི་ཡོད་ཁོང་རང་གི་འགན་དུ་བཞེས་ཏེ་རང་ནུས་ཅི་ལྕོགས་ཀྱིས་འགྲོ་སོང་བླ་མེད་གཏོང་རྒྱུའི་དམ་བཅའ་ཡོད་པར་སྐད།

གསུམ།

སློབ་གྲྭ་འདིར་ཞུགས་ཚེ་སློབ་ཡོན་མི་དགོས་ཤིང་སློབ་སྦྱོང་གི་དུས་ཚིགས་གཏན་ཁེལ་ལྟར་ལོ་གསུམ་ཡིན་ལ། རང་ཉིད་ཀྱི་ཁེ་ཕན་རྡུལ་ཙམ་ལ་མི་དམིགས་པར་སློབ་མ་ལ་ཕན་པའི་བྱ་བ་གང་ལེགས་ལེགས་བསྒྲུབ་རྒྱུ་ཡིན། ལྷག་པར་དུ་དབང་བོ་སྐྱོན་ཅན་གྱི་བྱིས་པ་རྣམས་དམིགས་བསལ་གྱི་བསྡུ་ལེན་བྱས་ཏེ་སུམ་དག་རྟགས་གསུམ་དང་ཡིག་གཟུགས་སོགས་ཀྱང་སློབ་ཁྲིད་བྱེད་པའི་དུས་ཚོད་དང་ཆེད་ལས་དགེ་རྒན་རེ་ཟུང་ཡང་ཡོད་པ་དེའོ། །

བཞི།

རང་ཉིད་དབུལ་ཁྱིམ་ཞིག་གི་འཚོ་བའི་དཀའ་ཁག་ལས་མི་ཚེའི་ཁ་དོག་འཚོལ་བའི་སྤྲང་ཕྲུག་ཅིག་ཡིན་པས་ཉམས་མྱོང་གི་སྡུག་བསྔལ་དེ་དག་སེམས་ཀྱིས་མ་བཟོད་ཅིང་སྙིང་ནས་མི་སྲོན་པའི་ཚོར་བའི་འོག    དབང་པོ་སྐྱོན་ཅན་གྱི་བྱིས་པ་རྣམས་རང་ཉིད་ལྟར་དབུལ་ཁྱིམ་ཅིག་ལས་མི་ཚེའི་ཁ་ཕྱོགས་མ་རྙེད་པའི་བྱིས་པའི་ཚོགས་ལ་དམིགས་བསལ་གྱི་སློབ་སྦྱོང་གི་གོ་སྐབས་སྤྲད་དེ།  རང་གི་ནུས་པ་དང་བློ་ཡི་ཤེས་ཚོད་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ་མི་ཚེའི་རིན་ཐང་ཡོད་ཚད་གཡུ་འབྲུག་མཛེས་རྩལ་སློབ་གྲྭ་ལ་འབུལ་རྒྱུའི་སྙིང་སྟོབས་དང་བཅས་པ་མདོར་བསྡུས་ཏེ་འོས་སྦྱོར་བྱས་པ་ལགས་ཀྱང་། ཁྱེད་རང་ཡུལ་དངོས་སུ་སོང་ན་དེ་ལས་ཀྱང་སེམས་འགུལ་ཐེབས་ས་དང་རྗེས་སུ་ཡི་རང་བྱ་ས་མང་ངོ་། །

ལྷ་རིས་པ་གྲྭ་ཐུབ་ཀོའམ་སྐལ་བཟང་ཐུབ་བསྟན་ལགས་ཀྱིས་སློབ་ཁྲིད་བྱེད་བཞིན་པ།

     ཁོ་ཚོས་བཤད་པ་ལྟར་ན་སྔོན་ཆད་རང་ཡུལ་རང་ཁྱིམ་སོགས་ཀྱི་ཐང་ག་དང་རི་མོ་ལ་ལར་ཡག་སྣང་སྐྱེས་ཀྱང་ད་སྐབས་དེ་འདྲའི་ཡིད་སྨོན་སྐྱེ་ས་ཉུང་ཤས་སུ་གྱུར་པ་ནི་ང་ཚོའི་དགེ་རྒན་གྱིས་མཛུབ་ཁྲིད་བཟང་བས་ཡིན་སྙམ་པར་བཤད་ལ་རི་མོ་གང་འབྲི་དགོས་ཀྱང་བློ་དོགས་མེད་པར་ཤར་མར་འབྲི་ཐུབ་ཀྱང་སྒྱུ་རྩལ་གྱི་ཁྱབ་ཁོངས་རྒྱ་ཆེ་བས་ད་དུང་སློབ་ས་མང་བར་བཤད།

སློབ་གྲྭ་འདི་ན་གྲུབ་མཐའ་རིས་མེད་དང་སྐྱ་སེར་རིས་མེད་ཕོ་མོ་འདྲ་མཉམ་གྱི་ཁོར་ཡུག་ཅིག་ཆགས་འདུག

     སློབ་གྲྭ་འདིའི་ལོ་རིམ་དང་པོས་སྐྱ་རིས་དང་ལོ་རིམ་གཉིས་པས་ཐིག་རྩ་དང་རི་མོ་སྣ་ཚོགས་བྱང་ཆུབ་པར་འབྲི་ཐུབ་པར་བྱེད་པ་དང་ལོ་རིམ་གསུམ་པས་ཚོན་འདེབས་པ་སོགས་ཆ་ཚང་བ་ནན་ཏན་དུ་སློབ་བཞིན་འདུག

སློབ་གྲྭ་འདི་ནས་སློབ་མཐར་ཕྱིན་ཡང་ད་དུང་དགེ་རྒན་གྱི་བཀའ་དྲིན་མཚོན་ཕྱིར་སློབ་གླིང་དུ་ལོག་སྟེ་སློབ་མ་སྐྱོང་རོགས་དང་སློབ་གྲྭའི་བྱ་ལས་དག་ལ་ཞབས་ཏོག་སྒྲུབ་བཞིན་པའི་མཐར་ཕྱིན་སློབ་མས་ཐང་ག་བཞེངས་བཞིན་པའི་ཡུལ་དངོས།


     གཡུ་འབྲུག་མཛེས་རྩལ་སློབ་གླིང་གི་སློབ་གཙོ་ལྷ་རིས་པ་གྲྭ་ཐུབ་ཀོའམ་སྐལ་བཟང་ཐུབ་བསྟན་ལགས་ལ༢༠༡༣ལོའི་ཀྲུང་གོའི་སྒྱུ་རྩལ་ཞིབ་འཇུག་ཁང་དང་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གཉིས་ཀྱིས་གཙོ་བསྒྲུབས་གནང་བའི་ཐེངས་དང་པོའི་ཀརྨ་བི་ཤྭའི་བུམ་རྟགས་ཅན་གྱི་བོད་ཀྱི་ཕུལ་བྱུང་རི་མོའི་བཤམས་སྟོན་ལས་ཤཱཀྱ་ཐུབ་པར་ཨང་གཉིས་པ་དང་། སྟོན་པའི་སྐུ་ཐང་དང་སྒྲོལ་དཀར་གྱི་སྐུ་ཐང་གཉིས་ལ་བདམས་ཐོན་ཐོབ་འདུག

༼ཐེངས་རྗེས་མར་སློབ་གྲྭ་འདིའི་སློབ་མ་སྐོར་ཞིག་ལ་བཅར་འདྲི་བྱས་པ་འགོད་རྒྱུ་ཡིན།༽


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/4/30 བལྟ་ཀློག (16853)