ཇོ་ནང་དགེ་བཤེས་དངོས་གྲུབ་དཔལ་ངོ་སྤྲོད་མདོར་བསྡུས།

དགེ་བཤེས་ཤིག་གིས་བསྟན་པ་ཞིག་དང་གྲུབ་མཐའ་ཞིག་སླར་གསོ་དང་རྒྱུན་འཛིན་བྱས་པའི་མཛད་རིམ་བསྐྱངས་པ་ཞིག

    མཁན་ཆེན་དམ་པ་གང་ཉིད་ཀྱིས་ཐུབ་བསྟན་དར་སྤེལ་གྱི་མཛད་པ་ལས་ཁ་བྱང་ཙམ་བརྗོད་ན། ༧གོང་ས་ལྷ་མིའི་རྣམ་འདྲེན་བཅུ་བཞི་བ་ཆེན་མོས་ཇོ་ནང་མ་དགོན་སུམ་ལ་རྟག་བརྟན་ཕུན་ཚོགས་ཆོས་གླིང་གི་མཁན་པོར་མངའ་གསོལ་ཏེ་ཕྱག་རྟགས་སྤྱི་བོའི་མཛེས་རྒྱན་དུ་གནང་།

       རྩ་བའི་གདན་ས་ཨ་སྐྱོང་དགོན་གྱི་བཤད་གྲྭ་རྨད་བྱུང་ཐོས་བསམ་གླིང་སླར་གསོ་མཛད་དེ་ལས་ཐོག་གི་མཁན་པོའི་ཕྱག་ལས་མཛད་དེ་ལོ་གསུམ་རིང་བཞུགས། དགོན་དེར་སྔར་མ་བྱུང་བའི་དགེ་འདུན་གྱི་སྡེ་དང་འགྲིགས་ལམ་ཡར་རྒྱས་གོང་འཕེལ་གྱི་བསྐལ་བ་ཤར། ལྕམ་མདའ་དགོན་ཐུབ་བསྟན་ངེས་དོན་ཆོས་འཁོར་གླིང་དུ་ཐེངས་ལྔར་བྱོན་ནས་རྩོད་པ་གསར་འཛུགས་དང་སློབ་གྲྭ་བཙུགས། གཞུང་དུ་མ་བཤད་ཁྲིད་དང་། ལུགས་གཉིས་ཀྱིས་སློབ་སྟོན་གནང་བ་སོགས་བཀའ་དྲིན་བླ་ན་མ་མཆིས་པ་བསྐྱངས། མདོ་ལིའི་རྡོ་ཁ་དགོན་ངེས་དོན་ཆོས་འཁོར་གླིང་དུ་ཞབས་ཀྱིས་བཅག་སྟེ་རྩོད་པ་དང་བཅས་པའི་བཤད་གྲྭ་དང་སློབ་གྲྭ་གསར་འཛུགས་བྱས་ནས་ཟླ་བ་བདུན་ཙམ་བཞུགས་ནས་ཟབ་རྒྱས་ཆོས་ཀྱི་དགའ་སྟོན་རྒྱ་ཆེར་གནང་། ལུང་སྐྱ་དགོན་མི་འགྱུར་བདེ་ཆེན་གླིང་དུ་གདན་འདྲེན་ཞུས་པ་ལྟར་བྱོན་ནས་ཐེག་མཆོག་དབུ་མའི་བཤད་ཁྲིད་གནང་ཞིང་། གནས་དེར་ཕྱོགས་ཀྱི་དགེ་འདུན་དུ་མ་འདུས་ནས་ཚད་མའི་འཛིན་གྲྭ་ཐེངས་གསུམ་པ་འཚོགས་པ་སོགས་དགོན་དེར་མཛད་རྗེས་བླ་ན་མེད་པ་བཞག ཕྱོགས་ཀྱི་མཁས་དབང་དུ་མ་ལ་ཚད་མའི་འཛིན་གྲྭ་སྔ་ཕྱི་ཐེངས་གསུམ་འཚོགས་ནས་རང་ལུགས་ཀྱི་ཚད་མའི་འཆད་ཁྲིད་སླར་གསོ་མཛད། ཇོ་ནང་གི་ཆོས་སྡེ་དུ་མ་ལ་སློབ་གྲྭ་གསར་འཛུགས་བྱས་ནས་བསྟན་པའི་གཞི་རྩ་བསྐྲུན།

       ༢༠༠༦ལོར་པེ་ཅིན་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་གསུམ་པའི་མཐོ་རིམ་རབ་འབྱམས་པའི་འཛིན་གྲྭའི་དགེ་རྒན་དུ་གདན་འདྲེན་ཞུས་པ་ལྟར་བྱོན་ཏེ་མཁས་བློ་ཆོས་དང་དགེ་འདུན་རྒྱ་མཚོ་སོགས་ལ་བཀའ་བསྡུ་བཞི་བའི་ཆོས་ཁྲིད་གནང་། དེ་ནས་བཟུང་ད་བར་དུ་ལོ་རེ་རེ་བཞིན་སློབ་གྲྭ་དེར་བྱོན་ནས་དཔང་བཞུགས་དགེ་རྒན་དང་། བོད་བརྒྱུད་ནང་བསྟན་མཐོ་རམས་པའི་ཡོན་གནས་དཔྱད་ཞིབ་པའི་ཕྱག་ལས་གནང་བཞིན་ཡོད། ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཐེངས་གསུམ་པའི་སྐབས་སུ་དམ་པ་གང་ཉིད་རྒྱུན་ལས་རྣམས་ཀྱི་ནང་ནས་གཞན་སྟོང་བགྲོ་གླེང་གི་གཙོ་འགན་པར་བསྐོ་བཞག་གནང་། ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཐེངས་དང་པོའི་སྐབས་སུ་དམ་པ་གང་གིས་ཐོག་མར་དགོན་སྡེ་དུ་མའི་མཁན་བླ་སྤྲུལ་དུ་མ་ལ་འབོད་བསྐུལ་ཞུས་ནས་ཇོ་ནང་ཤམྦྷ་ལའི་ངེས་གནང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་ཚོགས་རྒྱུའི་གྲོས་འཆམ་བྱུང་།

        ༢༠༠༦གི་ལོར་གཞན་སྟོང་བགྲོ་གླེང་གི་བསྐལ་བཟང་ཐེངས་དང་པོ་ཤར། དེ་ནས་བཟུང་ད་བར་དུ་དམ་པ་གང་གི་གཞན་སྟོང་བགྲོ་གླེང་ཆེན་པོའི་ཚོགས་ཆུང་དང་རྒྱུན་ལས་ཀྱི་འགན་ཁུར་ཡོངས་རྫོགས་བཞེས་ནས་གཞན་སྟོང་བགྲོ་གླེང་ཆེན་པོའི་རྫོགས་ལྡན་གྱི་བསྐལ་བཟང་བཞད། བགྲོ་གླེང་དེ་ལ་བརྟེན་ནས་ཇོ་ནང་དགོན་སྡེ་ཕལ་ཆེར་གྱི་འཆད་ཉན་གོང་འཕེལ་དུ་གྱུར་པའི་ཕུན་སུམ་ཚོགས་པའི་རྨད་བྱུང་གི་རྫོགས་ལྡན་གསར་བའི་ལང་ཚོ་ཤར། ཡང་མཁན་ཆེན་དམ་པ་གང་ཉིད་༢༠༠༨ལོར་ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཐེངས་བཞི་བའི་སྐབས་སུ་ཇོ་ནང་སྤྱིའི་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་གི་དུས་ཁྲིད་མཁན་པོར་མངའ་གསོལ་མཛད་ནས་གཞན་སྟོང་བགྲོ་གླེང་ཐེངས་བཞི་བའི་སྐབས་རྒྱུད་བླའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་བཤད་ཁྲིད་མཛད། གཞན་སྟོང་བགྲོ་གླེང་ཐེངས་ལྔ་བའི་སྐབས་གཞན་སྟོང་དབུ་མའི་རྒྱན་དང་དེ་ལུང་སྦྱོར་བཤད་ཁྲིད་གནང་བར་མཛད།   ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཀྱིས་མཁན་ཆེན་དམ་པ་དངོས་གྲུབ་དཔལ་ཁོང་ཉིད་ཇོ་ནང་མདོ་སྔགས་སློབ་གླིང་གི་མཁན་རབས་དང་པོའི་མཚན་གནས་བསྩལ། དམ་པ་གང་གིས་མདོ་སྔགས་སློབ་གླིང་གི་དབུ་འཛུགས་མཛད་དེ་མཁན་པོ་ལས་ཐོག་གི་ལས་འགན་ལོ་གཉིས་ལ་བཞེས། དེའི་རིང་ལ་སྤྱོད་ལམ་འཆད་ཉན་སོགས་སྔར་ལས་ལྷག་པའི་དར་རྒྱས་བླ་ལྷག་ཏུ་འཕེལ། དེ་སྐབས་སུ་ཇོ་ནང་དགོན་སྡེ་དུ་མའི་འཆད་ཉན་གྱི་ཕྱིར་འཆད་རྩོད་རྩོམ་གསུམ་ནུས་པའི་མཁས་པ་བརྒྱད་ཙམ་ལ་མཁན་པོར་མངའ་གསོལ་ཏེ་མཚན་རྟགས་གནང་། དེ་སྐབས་ཀྱི་ཞར་ལ་མདོ་སྨད་ཇོ་ནང་གི་ཆོས་སྡེའི་ཐོག་མ་ཆོས་རྗེ་དགོན་ལ་ཚད་མའི་དཔེ་ཁྲིད་གནང་བ་སོགས་བཀའ་དྲིན་བསྐྱངས།

      དམ་པ་གང་ཉིད་རྒྱལ་རོང་ཕྱོགས་སུ་ལོ་དུ་མར་བྱོན་ནས་བཀའ་སློབ་ཡང་ཡང་གནང་བ་དང་བདག་རྐྱེན་ཅུང་ཟད་སྦྱར་བ་སོགས་ཀྱི་སྒོ་ནས་འབོད་བསྐུལ་ཞུས་པ་བཞིན་རྒྱལ་རོང་གི་དགོན་སྡེ་བཅུ་ཕྲག་ལྷག་ལ་སློབ་གྲྭ་ལེགས་འཛུགས་ཀྱི་བསྐལ་བཟང་མངོན་པར་བཞད། སྔོན་བྱོན་སྐྱེས་བུ་དུ་མས་ལུང་བསྟན་བཞིན་ཛ་མགོའི་རི་ཁྲོད་བྱང་ཆུབ་ཆོས་རྫོང་དུ་ཡང་ཡང་གདན་ཞུས་མཛད་བཞིན་ཞབས་ཀྱིས་བཅག་སྟེ། ཇོ་ནང་བརྩེ་ཆེན་མཐོ་སློབ་རྟག་བརྟན་ལྔ་རིག་དར་རྒྱས་གླིང་བཏབ། ཇོ་ནང་བརྩེ་ཆེན་མཐོ་སློབ་དེར་ལོ་དུ་མར་མཁན་པོའི་གདན་ཁྲིར་བཞུགས་ནས་ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་བཞི་བརྒྱ་ལྷག་ལ་དབུ་ཕར་ཚད་མ་སོགས་དམ་པའི་ཆོས་ཆར་གྱི་བསྐལ་བཟང་གི་རྫོགས་ལྡན་གསར་བ་མངོན་པར་བཞད། དགོན་དེར་ལུགས་གཉིས་གང་གི་ཆ་ནས་ཀྱང་ཐུགས་རྗེ་ཉི་མའི་འོད་སྣང་ལྷག་པར་ཆེས་ཆེར་གསལ་བ་ནི་གངས་རི་པ་སྤྱི་དང་ཇོ་ནང་པ་ལ་བཀའ་དྲིན་གཞལ་མཐའ་བྲལ།     དམ་པ་གང་གི་མཛད་བཟང་ཆེ་ཤོས་ནི་གང་ཉིད་རྒྱ་གར་ནས་བྱོན་པ་ནས་བཟུང་ཇོ་ནང་གི་དགོན་སྡེ་དུ་མར་རྩོད་པ་གསར་འཛུགས་དང་། རང་ལུགས་ཀྱི་ཡིག་ཆའི་འཆད་ཉན་དར་རྒྱས་མཛད་པ་དང་། ཇོ་ནང་གི་དགོན་སྡེ་དུ་མར་སློབ་གྲྭ་གསར་འཛུགས་དང་། གོས་གསུམ་ནབ་ལུགས་སོགས་སྤྱོད་ལམ་ཡར་རྒྱས་མཛད་པ་དང་། གཞན་སྟོང་བགྲོ་གླེང་འཛུགས་དགོས་པའི་བསྐུལ་མ་མཛད་པ་མ་ཟད་བགྲོ་གླེང་གི་སྤྱི་ཁྱབ་ཀྱི་གཙོ་འགན་བཞེས་པ་སོགས་ལ་བརྟེན་ནས་ད་ལྟའི་ཆར་ཆོས་ཐང་དགོན་དུ་བཤད་གྲྭ་གསར་དུ་བཙུགས་ཏེ་ལོ་རེ་བཞིན་སློབ་ཕྲུག་བརྒྱ་ཕྲག་མང་བོར་འཆད་ཁྲིད་གནང་སྟེ་ཇོ་ནང་དགོན་པ་ཕལ་ཆེར་གྱི་བཤད་གྲྭ་གོང་འཕེལ་ཡོང་བ་ནི་དམ་པ་གང་གི་མཛད་བཟང་གི་འོད་སྣང་ཡིན་ནོ། །

        སྐྱེས་བུ་དམ་པ་གང་གི་ལྗགས་རྩོམ་ཡང་པར་བསྐྲུན་བྱས་ཟིན་པ་པོད་བཅུ་ཡོད། དམ་པ་གང་གིས་རང་ལོ་ཉེར་བཞི་ནས་བཟུང་ད་བར་དུ་གདུལ་བྱ་མཐའ་དག་རྗེས་སུ་བཟུང་ཞིང་། དམ་པ་གང་ཉིད་ས་རྡོའི་བསྟན་པ་དང་རླངས་འཁོར་དང་ཁང་བ་རྫིག་པོ་འཁོར་གཡོག་མཛའ་མོ་སོགས་དཔལ་འབྱོར་གྱིས་བསྟན་པ་འཛིན་པའི་སྐྱེས་བུ་མ་ཡིན་པར་ལྟོ་སྐྱ་གོས་ཧྲུལ་ངང་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང་འཆད་རྩོད་རྩོམ་གསུམ་གནང་བའི་བསྟན་པ་འཛིན་པའི་སྐྱེས་བུ་ལགས་སོ། །

      དེ་ལྟ་བུའི་མཛད་བཟང་ལ་སྙིང་ནས་རྗེས་སུ་ཡི་རང་བྱེད་པ་ལས་ཕྲག་དོག་གི་དབང་གིས་མ་གུས་པ་ནི་དགེ་སློང་ལེགས་སྐར་ལྟ་བུ་མ་ཡིན་པར་གོར་མ་ཆག་པའོ། །

ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་པ་ཡོངས་ལ་དབུ་ཕར་ཚད་མ་སོགས་དམ་པའི་ཆོས་ཆར་གྱིས་མཛད་རིམ་བསྐྱངས་པ།

དཔལ་རྒྱལ་བ་ཇོ་ནང་བའི་སྐྱབས་མགོན་མཆོག་སྤྲུལ་འཇིགས་མེད་རྡོ་རྗེ་ལགས་དང་བགྲོ་གླེང་གནང་བཞིན་པ།

ཇོ་ནང་བརྩེ་ཆེན་མཐོ་སློབ་རྩོམ་རིག་སྡེ་ཚན་ནས།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/5/6 བལྟ་ཀློག (9689)