བོ་དོང་ཕྱོགས་ལས་རྣམ་རྒྱལ་མཆོག་ངོ་སྤྲོད་མདོར་བསྡུས།

སྔོན་བྱོན་མཁས་པའི་སྡེ་ལས་བོ་དོང་ཕྱོགས་ལས་རྣམ་རྒྱལ་མཆོག་ངོ་སྤྲོད་མདོར་བསྡུས

       མཚན་ཡོངས་གྲགས་སུ་བོ་དོང་ཕྱོགས་ལས་རྣམ་རྒྱལ༼༡༣༧༦---༡༤༥༢༽མཚན་གྱི་རྣམ་གྲངས་གཡུང་དྲུང་སངས་རྒྱས་སྐྱིད་དང་སངས་རྒྱས་རྒྱལ་མཚན།  བོ་དོང་ཆོས་རྒྱལ། འཇིགས་མེད་གྲགས་པ།  དབྱངས་ཅན་དགའ་བའི་དཔལ། འཆི་མེད་སྡེ།  ཆོས་ཀྱི་རྒྱལ་མཚན།  བློ་གྲོས་མི་ཟད་པ།  གསང་བས་བྱིན། སངས་རྒྱས་བསྐྱངས། ངང་ཚུལ་ཞི་བ། འབུམ་ཕྲག་བརྒྱ་པ་བཅས་སོ། ཁོང་ནི་རབ་བྱུང་དྲུག་པའི་མེ་འབྲུག་སྤྱི་ལོ༡༣༧༦ལ་གནས་ཆེན་རྩིབས་རིའི་བྱང་ངོས་ལག་པ་གོང་གི་ཉེ་འགྲམ་དུ། ཞྭ་མི་རུས་བརྒྱུད་ཡབ་ཆོས་དབྱིངས་རྒྱལ་མཚན་དང་ཡུམ་བྱང་ཆུབ་སྒྲོན་མ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས། མཚན་ལ་གཡུང་དྲུང་སངས་རྒྱས་སྐྱིད་ཅེས་གསོལ།  དེ་ནས་དགུང་ལོ་ལྔ་ལ་སོན་སྐབས་ཡི་གེ་འབྲི་ཀློག་སོགས་བརྡ་བསྟན་པ་ཙམ་གྱིས་མཁྱེན། དགུང་ལོ་བདུན་ལ་གྱམ་བསམ་གཏན་གླིང་དུ་སྐུ་ཞང་པན་ཆེན་གྲགས་པ་རྒྱལ་མཚན་གྱི་དྲུང་ནས་རབ་ཏུ་བྱུང་སྟེ་མཚན་ལ་སངས་རྒྱས་རྒྱལ་མཚན་ཞེས་གསོལ། དེ་ནས་ཨེའི་ཆོས་སྡེའི་མཁས་པའི་དབང་པོ་ཆོས་ཀྱི་རྡོ་རྗེའི་ཞབས་ལ་གཏུགས་ནས་ཐོག་ མར་ཚད་མ་རིག་པ་ལ་གསན་སྦྱོང་གནང་སྟེ་ཚད་མ་རྣམ་འགྲེལ་དཔང་ལོ་དང་ལོ་ཆེན་གྲགས་པའི་ཊྰིཀ་ཆེན་སོགས་ལ་ལེགས་པར་སྦྱངས། དགུང་ལོ་བཅུ་དྲུག་ལ་དཔལ་ས་སྐྱར་རྣམ་འགྲེལ་གྱི་གྲྭ་སྐོར་ཕེབས་ཏེ་མཁས་པ་རྒྱ་མཚོ་ལྟ་བུའི་དབུས་སུ་ལེགས་བཤད་ཀྱིས་མཆོད་སྤྲིན་ཕུལ། མངོན་པ་མཛོད་རྩ་བ་ཉིན་གཅིག་བློ་ལ་བཟུང་།  དགུང་ལོ་ཉེར་གཅིག་ལ་དབྱངས་ཅན་མའི་ཞབས་གཟིགས་སྐབས་དབྱངས་ཅན་མའི་བསྟོད་པ་བུང་བའི་གླུང་དབྱངས་ལ་སོགས་མཛད། དགུང་ལོ་ཉེར་གསུམ་ལ་དབུས་ཕྱོགས་སུ་གྲྭ་སྐོར་ལ་ཕེབས་ཏེ་རྩེད་ཐང་གི་ཆོས་གྲྭའི་གདན་ས་པ། ཆེན་པོ་བྱང་རྡོ་རྗེས་ཐོག་དྲངས་བཤེས་གཉེན་སྟོང་ཕྲག་ཙམ་གྱི་དབུས་སུ་པོ་ཏི་བཅོ་ལྔའི་བཤད་པ་མཛད་པས་མཁས་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ།  སྔགས་ཕྱོགས་ཀྱི་གསན་པ་གཙོ་བོ་ལོ་ཆེན་གྲགས་པ་དང་།  སྟག་ལུང་བཀྲ་ཤིས་དཔལ་བརྩེགས། ལོ་ཆེན་ནམ་བཟང་།  ལམ་འབྲས་བློ་དཀར། དཀའ་བཞི་པ་ནམ་མཁའ་འོད་ཟེར།  སྟག་ཕུ་བ་བྱང་ཆུབ་མགོན་པོ་སོགས་ལས་གསན། བོ་དོང་ཨེ་དང་གུང་ཐང་ཆོས་སྡེ། ཤེལ་དཀར་ཆོས་སྡེ་སོགས་སྡེ་དགོན་མང་པོ་དང་ལྷག་པར། ལ་སྟོད་ལྷོ་བྱང་གཉིས་དང་ཡར་འབྲོག་རིན་སྤུངས་གུང་ཐང་གློ་བོ་བཅས་སུ་ཕེབས་ནས་དེ་དག་གི་བདག་པོ་སི་ཏུ་ཆོས་ཀྱི་རིན་ཆེན་དང་བྱང་བདག་རྣམ་རྒྱལ་གྲགས་བཟང་།  ཡར་འབྲོག་ཁྲི་དཔོན། རིན་སྤུངས་ངག་དབང་འཇིགས་གྲགས། གུང་ཐང་རྒྱལ་པོ་ལྷ་དབང་རྒྱལ་མཚན་ཡབ་སྲས་སོགས་ཀྱིས་ཀྱང་བསྙེན་བཀུར་ཞུས་པ་བརྒྱུད།  དེ་དག་གི་སྡེ་དགོན་རྣམས་སུ་ཆོས་ཀྱི་འཁོར་ལོ་བར་མ་ཆད་པ་བསྐོར་ནས་དངོས་སམ་བརྒྱུད་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་ཁྲིད་པར་མཛད།  དེ་ལྟར་དབུས་གཙང་གི་ས་གནས་གང་སར་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་སྤེལ།  དགུང་ ལོ་སུམ་ཅུ་ཙམ་ནས་ལྷག་པའི་ལྷ་དུ་མས་དངོས་ཉམས་ཀུན་ཏུ་ཞལ་གཟིགས་བསྟན་བཅོས་ཆེན་ པོ་མཛད་པར་བསྐུལ་བས་དེ་ཉིད་འདུས་པ་ཡོངས་སུ་རྫོགས་པ་བརྩམས།  རྗེ་འདི་ཉིད་དགུང་ལོ༣༥པ་སྤྱི་ལོ༡༤༡༠ལ། དཔལ་ཁུད་དུ་པདྨ་ཆོས་སྡིངས་དགོན་པ་བཏབ་ནས་སྐུ་ཚེ་སྨད་ཀྱི་བཞུགས་གནས་གཙོ་བོ་དེར་མཛད།  དུས་ཀྱི་འཁོར་ལོ་ལས་གསུངས་པའི་ཡེ་ཤེས་མཆོད་རྟེན་ཞེས་པ་ཐོག་རྩེག་ལྔ་ཙམ་ཡོད་པ་ནང་ལ་རྒྱུད་སྡེ་བཞིའི་ལྷ་ཚོགས་དེ་ཉིད་འདུས་པའི་ལུགས་བཞིན་སོ་སོའི་ཞལ་ཕྱག་དང་ སྐུ་མདོག་ཕྱག་མཚན་འཁོར་མང་ཉུང་སོགས་བཀོད་པ་ཁྱད་དུ་འཕགས་པར་འགྲོ་བ་རྨས་ལ་མིག་གི་བདུད་རྩིར་བྱེད་པ།  བསོད་ནམས་ཀྱི་རྟེན་དུ་བཞེངས།  དགུང་ལོ་བདུན་ཅུ་དོན་དྲུག་པ་རབ་བྱུང་བརྒྱད་པའི་ལྕགས་ལུག་སྤྱི་ལོ༡༤༥༡ལོའི་བོད་ཟླ་གསུམ་པའི་གནམ་གང་ཉིན་ཞི་བར་གཤེགས།  གང་གི་གསུང་ལས་སྐྱེས་པའི་སློབ་མ།  བཀའ་བབས་ཉི་ཤུ་རྩ་གསུམ་དང་འཁོན་གྱི་གདུང་རྒྱུད་གསུམ། རིགས་སྔགས་འཆང་བ་གཅིག ཉི་ཟླ་ལྟར་གྲགས་པའི་མཁས་པ་གཉིས། རྡོ་རྗེ་ཕག་མོ་སྐུ་ཕྲེང་དང་པོ་ཨ་གྲོལ་ཆོས་ཀྱི་སྒྲོན་མ། འཇིག་རྟེན་མིག་གསུམ། ཕྱོགས་ལས་རྣམ་པར་རྒྱལ་བའི་མཁས་པ་དྲུག མདོ་སྔགས་ཡོངས་སུ་རྫོགས་པ་བཅུ་གསུམ། ཤྰཀྱ་ཤྲྰིའི་གདན་ས་པ་གཉིས། གཙུག་རྒྱན་བཅུ་དྲུག  མཚན་ཉིད་རབ་འབྱམས་སྨྲ་བ་བཞི།  སྔགས་རབ་འབྱམས་པ་གཉིས། སྒྲུབ་པའི་རྒྱལ་མཚན་འཛིན་པ་བཞི། སྔགས་འཆང་དྲག་པོ་གཉིས། གྲུབ་ཆེན་ལྔ་བཅུ་སོགས་ཤིན་ཏུ་མང་བར་བྱོན། ཞེས་རྣམ་ཐར་དུ་གསལ།  །

རྗེ་འདིའི་གསུང་འབུམ་གྱི་སྐོར།

           དེ་ཉིད་འདུས་པའི་རྒྱ་མཚོ་ཆེན་པོ་ལ་འཇུག་པའི་སྒོ་བཞི་སྟེ།  བྱིས་པ་འཇུག་པའི་སྒོ་དང་མཁས་པ་འཇུག་པའི་སྒོ།  མདོ་ལ་འཇུག་པའི་སྒོ། སྔགས་ལ་འཇུག་པའི་སྒོའོ། །བྱིས་པ་འཇུག་པའི་སྒོ་ལ། ལུས་ཀྱི་བསླབ་པ། ངག་གི་བསླབ་པ།  ཡིད་ཀྱི་བསླབ་པ་གསུམ་མོ། ལུས་ཀྱི་བསླབ་པ་ལ།མ་ལ་གནས་པའི་བསླབ་པ་དང་། བུ་བཙའ་པའི་བསླབ་པའོ།  །ངག་གི་བསླབ་པ་ལ།  ཡི་གེ་ཀློག་པའི་བསླབ་པ་དང་།  ཡི་གེ་བྲི་བའི་བསླབ་པའོ། ཡིད་ཀྱི་བསླབ་པ་ལ། འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དང་། བརྟག་པའི་བསྟན་བཅོས་སོ། །ལུགས་ཀྱི་བསྟན་བཅོས་ལ། རྒྱལ་པོ་དང་། བློན་པོ་དང་། ཕལ་བའི་ལུགས་ཀྱི་བསྟན་བཅོས་སོ། །བརྟག་པའི་བསྟན་བཅོས་ལ། ནང་སེམས་ཅན་གྱི་བརྟག་པ་དང་། ཕྱི་ཡོ་བྱད་ཀྱི་བརྟག་པའོ། །མཁས་པ་འཇུག་པའི་སྒོ་ལ། བཟོ་རིག་པ་དང་།  གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིགས་པ།  ནང་རིག་པའོ། །འདི་ལ་བསླབ་པ་གསུམ་གྱི་སྒོ་ནས་འཆད་དོ། །

         མདོ་ལ་འཇུག་པའི་སྒོ་ལ། བསྟན་པ་སྤྱིའི་རྣམ་པར་གཞག་པ་དང་།ཁྱད་པར་གྱི་རྣམ་པར་གཞག་པའོ། ཁྱད་པར་གྱི་རྣམ་པར་གཞག་པ་ལ་བཞི་སྟེ། བྱེ་བྲག་ཏུ་སྨྲ་བའི་དེ་ཉིད་དང་། མདོ་སྡེ་པའི་དེ་ཉིད་དང་།སེམས་ཙམ་པའི་དེ་ཉིད་དང་།  དབུ་མ་པའི་དེ་ཉིད་དང་བཞིའོ། །འདི་རྣམས་ལ་གཞི་དང་ལམ་དང་འབྲས་བུའི་སྒོ་ནས་འཆད་དོ། །

       སྔགས་ལ་འཇུག་པའི་སྒོ་ལ། རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པ་དང་། ཁྱད་པར་གྱི་རྣམ་པར་གཞག་པའོ། ཁྱད་པར་གྱི་རྣམ་པར་གཞག་པ་ལ་བཞི་སྟེ། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དེ་ཉིད་རྣམ་པར་གཞག་པའོ། །དེ་རྣམས་ཀྱི་དཀྱིལ་འཁོར་གྱི་དབང་གི་ཆོ་ག་དང་དེའི་རྣམ་པར་ངེས་པ། མངོན་པར་རྟོགས་པ་སོ་སོའི་རྒྱུད་བཤད་པ་དང་།  ཕྱིའི་ལས་ཚོགས་དང་།  ནང་གི་སྒོམ་རིམ་གྱི་མན་ངག་རྣམ་པར་གཞག་པ་རྣམས་སོ། །དེ་ཡང་རྣམ་ཐར་ལས། སྒོ་བཞི་ཆུ་བོ་རྣམ་བཞི་རྟག་ཏུ་འབབ། །ཕྱི་ནང་རིག་གནས་ལྔ་ཡི་གདེངས་ཅན་གྲོང་། བཤད་སྒྲུབ་རིན་ཆེན་གླིང་དང་ཉེ་བའི་གླིང་། །བརྒྱ་ཕྲག་གིས་མཛེས་རིམ་ཕྱེ་བརྒྱ་ཕྲག་གསུམ།།དྲུག་ཅུར་བཅས་པའི་ཆུ་བྱ་འཕུར་ལྡིང་གཡོ། །ཉི་ཁྲི་ཆིག་སྟོང་ལེའུའི་རླབས་ཕྲེང་ཅན། །བདུན་ཁྲི་ཉིས་སྟོང་མན་ངག་ནོར་བུའི་གང་། །བརྒྱད་ཁྲི་བཞི་སྟོང་ཆུ་ཚོགས་ཕ་མཐའ་ཡས། །ལྷག་ཆད་ནོར་བའི་རོ་དང་བྲལ་གྱུར་པའི། །ཟླ་མེད་བསྟན་བཅོས་རིན་ཆེན་འབྱུང་གནས་གྲུབ། །ཅེས་པ་ལྟར་བསྟན་བཅོས་འདི་ལ་ཕྱི་ནང་གི་སྒོ་བཞི། ཕྱི་ནང་གི་གནས་ལྔ། བཤད་སྒྲུབ་རིན་པོ་ཆེའི་གླིང་ལག་དང་ཉེ་བའི་ཡན་ལག་བརྒྱ་ཕྲག་ཅན། ཕྱི་རོལ་གྱི་ལོའམ་ཞག་གི་ཚོགས་རྣམ་པར་དག་པས་རིམ་པར་ཕྱེ་བ་སུམ་བརྒྱ་དྲུག་ཅུ། ཡོན་ཏན་གྱི་སྒོ་ནས་ལྷག་པར་འཕེལ་བའི་བདག་ཉིད་ཅན། ནང་གི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྣམ་པར་དག་པའི་བདག་ཉིད་ཀྱི་ལེའུ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། ནང་གི་གནས་རྩ་སྦུབས་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམ་པར་དག་པའི་བདག་ཉིད་ཀྱི་མན་ངག་གི་མེས་པ་བདུན་ཁྲི་ཉིས་སྟོང་།  ཆོས་ཀྱི་ཕུང་པོ་ཐམས་ཅད་འདུས་པའི་བདག་ཉིས་ཀྱི་ཆོས་ཚོམས་བརྒྱད་ཁྲི་བཚི་སྟོང་མངའ་བའོ། །

གྲངས་འབོར་ལ་མཚོན་ན།

          དེ་ཉིད་འདུས་པ་རྒྱས་པ་ལ་གླེགས་བམ་བརྒྱ་དང་བཅུ། འབྲིང་པོ་ལ་གླེགས་བམ་ཉི་ཤུ། འདུས་པ་བསྡུས་པ་ལ་གླེགས་བམ་གཉིས། ཤིན་ཏུ་བསྡུས་པའི་སྙིང་པོ་ལ་གླེགས་བམ་གཅིག་སྟེ། དེ་ཉིད་འདུས་པ་རྒྱས་འབྲིང་བསྡུས་གསུམ་ཆ་ཚང་ལ་གླེགས་བམ་བརྒྱ་དང་སུམ་ཅུ་སོ་གསུམ། གླེགས་བམ་རེ་རེ་ལ་ལྡེབས་གྲངས་ལྔ་བརྒྱའི་གྲངས་ངེས་པ་ཡིན་ཞེས་རྣམ་ཐར་དུ་གསུངས། གཞན་ཡང་དེར་མ་གཏོགས་པའི་གསུང་རྩོམ་ཡང་། དགུང་ལོ་བཅུ་དྲུག་གི་སྐབས་སུ་མཛད་པའི་བཅོམ་ལྡན་འདས་ཐུབ་པའི་དབང་པོ་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ་དང་། འཇམ་དབྱངས་དང་།  གཞོན་ནུ་ནོར་བཟང་ལ་བསྟོད་པ།  དགུང་ལོ་ཉེར་གཅིག་ལ་དབྱངས་ཅན་མའི་ཞལ་གཟིགས་སྐབས་དབྱངས་ཅན་མའི་བསྟོད་པ་བུང་བའི་གླུ་དབྱངས་ལ་སོགས་པ་དང་།  དགུང་ལོ་ཉེར་གསུམ་ལ་དབུས་སུ་གྲྭ་སྐོར་ལ་ཕེབས་སྐབས་གནས་གང་དུ་སླེབས་པ་དེ་དག་ལ་བསྟོད་པ་སྙན་ངག་གི་བསྟན་བཅོས་ཡིད་ཀྱི་ཤིང་རྟ་ཞེས་དང་།  སྣེ་གདོང་གོང་མ་ཆེན་པོ་འཁོར་དང་བཅས་པ་ལ་བསྟོད་པ་ངང་པ་རྣམ་པར་རྒྱལ་བའི་སྒྲ་དབྱངས་ཀྱི་འཇུག་པ་ཞེས་པའི་སྙན་ངག་ལེའུ་ལྔ།  ཁྲ་འབྲུག་དགོན་པ་དང་དགོན་ཐང་འབུམ་མོ་ཆེ་སོགས་ཀྱི་བསྟོད་པ། སྙན་ངག་གི་བསྟན་བཅོས་པདྨ་དཀར་པོའི་ཆུན་པོ་ཞེས་པ་དང་སྟག་མོ་ལུས་སྦྱིན་གྱི་སྐྱེ་རབས་དང་སྦྱར་བ། བྱང་སེམས་རྟག་ཏུ་ངུའི་རྟོགས་བརྗོད་དོན་རྒྱན་གསལ་བའི་མེ་ལོང་ཞེས་པ། སྤྲིན་གྱི་ཕོ་ཉའི་མཆན། ཟློས་གར་གྱི་བསྟན་བཅོས་དབྱངས་ཅན་མགུལ་རྒྱན་དང་།  རོལ་སྙེད་མའི་ཟློས་གར། དཔལ་ཨེའི་ཆོས་འབྱུང་བའི་རྒྱ་མཚོ་ཆེན་པོ་ལ་བསྟོད་པ་ཕྱོགས་ཀྱི་མཛེས་མའི་རྣ་རྒྱན་སོགས་གནས་བསྟོད་དང་།  རྒྱལ་བ་ཤྰཀྱའི་དབང་པོ་ལ་ཁྱད་པར་འཕགས་བསྟོད་ལ་སོགས་པ་ལྷག་པའི་ལྷ་རྣམས་ལ་བསྟོད་པ།  ཇོ་བོ་རྗེ་ལ་སོགས་པ་བསྟན་པ་འཛིན་པའི་པན་གྲུབ་རྣམས་ལ་བསྟོད་པ།  སྟོང་ཉིད་སུམ་ཅུ་པ།  རྣལ་འབྱོར་ཉི་ཤུ་བ།  ཚུལ་ཁྲིམས་ཀྱི་བསྟོད་པ།  རྒྱལ་པོ་ལ་གཏམ་དུ་བྱ་བ་ལ་སོགས་པའི་གཞུང་དུ་མ་དང་།  རྒྱལ་བུ་དགེ་དོན་གྱི་རྟོགས་བརྗོད་ཐར་ལམ་གསལ་བ་སོགས་སོ།

གཞུང་བཤད་སྐོར་ལ།

        མངོན་པ་ཀུན་བཏུས་ཀྱི་འགྲེལ་པ་དང་ཕར་ཕྱིན། རྣམ་འགྲེལ། དབུ་མ་རྒྱན། དབུ་མ་བདེན་གཉིས། ཚད་མ་རིགས་གཏེར་རྣམས་ལ་ཊྰིཀྐ་རེ། ཕར་ཕྱིན་བསྡུས་དོན་གྱི་དཀའ་འགྲེལ་ཆེན་མོ། ཕར་ཕྱིན་གྱི་དོན་བསྡུས། ཚད་མའི་དཀའ་འགྲེལ་ཆེན་མོ། གཞུང་སྤྱིའི་དཀའ་གནད་ལ་བྱེ་བྲག་ཏུ་དཔྱད་པ་རིག་པའི་སྙིང་པོ། ཚད་མའི་དོན་བསྡུས་བཅས་བརྩམས།  གཞན་ཡང་མདོའི་སྙིང་པོ་ཐེག་ཆེན་བློ་སྦྱོང་དང་།  རྒྱུད་ཀྱི་སྙིང་པོ་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར།  ཐམས་ཅད་ཀྱི་སྙིང་པོ་སྦས་དོན་གསལ་བ།  རྒྱུད་སྡེ་སྤྱི་རྣམ་སོགས་བརྩམས།  གཞན་ཡང་ཡར་ཀླུངས་སྒྲུབ་པ་པོ་ལ་གནང་བ་མདོ་རྒྱུད་ཀྱི་སྙིང་པོ་ཞེས་དང་།  རྒྱལ་རྩེ་རབ་བརྟན་ཀུན་བཟང་འཕགས་ཀྱི་རྣམ་ཐར་དང་། དགེ་རྒྱས་པ་བསྟན་འཛིན་རྡོ་རྗེའི་གསུངས་པ་ལྟར་ན་གསན་ཡིག་ཡིད་བཞིན་ནོར་བུ་ཞེས་པའི་གསན་ཡིག་ཞིག་ཀྱང་ཡོད་པར་མངོན།  གང་ལྟར་རྗེ་འདི་ཉིད་ཀྱི་གསུང་འབུམ་དེང་སང་གྲངས་འབོར་མང་ཤོས་ཤིག་ཏུ་ངོས་འཛིན་བྱེད་མཁན་མང་ཡང་།  དངོས་དོན་པོ་ཏི་ག་ཚོད་ཙམ་ཡོད་པ་དང་། ནང་དོན་ལ་ཅི་ཞིག་ཡོད་པ་ཞིབ་འཇུག་བྱེད་མཁན་དེ་སྔོན་མ་བྱུང་བ་ནི་ཡིད་ཕམ་གྱི་གནས་སུ་མཆིས།  འོན་ ཀྱང་ཉེ་ཆར་ངེད་དཔལ་བརྩེགས་ཞིབ་འཇུག་ཁང་གི་རྒན་ཟླ་བ་ལགས་ཀྱིས་ལོ་བཅུ་ཙམ་གྱི་ རིང་གསུང་འབུམ་བཙལ་འཚོལ་བྱས་པ་བརྒྱུད་ཞིབ་འཇུག་གནང་བ་ལྟར་ན་གསུང་འབུམ་པོ་ ཏི་བརྒྱ་དང་དྲུག་ཅུ་ལྷག་ཙམ་ཞིག་ཡོད་པ་ངོས་འཛིན་གནང་གི་ཡོད། དེ་ཡང་དུས་ཟིང་གི་སྔོན་དུ་སྤོང་རོང་པདྨ་ཆོས་སྡིངས་དགོན་གྱི་གཟིམ་ཆུང་དཔལ་འཛོམས་སུ་བཞུགས་པ་དེ་ཉིད་འདུས་པ་དབུ་ཅན་པོད་བརྒྱ་དང་བརྒྱད། དབུ་མེད་པོད་བརྒྱ་དང་བརྒྱད་ཡོད་པ་ཚང་མ་དམ་སྦྱར་བྱས་ཏེ་དཀོན་གཉེར་རྣམས་ཀྱི་རྩིས་སྤྲོད་ལེན་སྐབས།  དམ་ཕྲུག་ལ་སྐྱོན་ཆག་ཡོད་མིན་ཙམ་ལྟ་བ་ཞིག་ལས་འཆད་ཉན་བྱེད་སྲོལ་བྱུང་མི་འདུག་པས། ཡང་སྙིང་པོ་ཏི་བརྒྱ་དང་བཅུ་དྲུག་པོ་དེ་ཆ་ཚང་གཅིག་ཡིན་ནམ་ཆ་གཉིས་ཡིན་རྒྱུ་མཚན་ཞིབ་ཕྲ་ཞུ་མ་ཤེས།  སྤྱི་ལོ༡༩༦༡ལོ་ལ་དབྱར་དུས་བོད་ཟླ་ལྔ་པའི་ནང་ཙམ་དུ་ཆོས་སྡིངས་དགོན་ནས་དབུ་མ་ལུ་གུ་དང་།  བླ་མ་དོན།  བླ་མ་དབང་འདུས། ད་ཡོད་གྲྭ་བགྲེས་སྐལ་བཟང་གྲགས་པ། ཨོ་རྒྱན་བཅས་ཀྱིས་དེ་ཉིད་འདུས་པ་ཆ་ཚང་དང་། སྐུ་རྟེན་སོགས་བལ་ཡུལ་ས་ཁོངས་རྐྱང་ཤིང་དུ་བསྐྱལ་རྩིས་ཀྱི། དཔེ་ཆ་གཡག་རྒྱབ་བརྒྱད་དང་སྐུ་འདྲ་སོགས་རྒྱབ་བཞི་བསྡོམས་པས་གཡག་རྒྱབ་བཅུ་གཉིས་རྡོག་ཆས་བསྒྲིགས་ནས་ཐོན།  དེ་དང་མཉམ་དུ་སྒེར་གྱི་བཅའ་དངོས་བསྐྱལ་མི་མང་པོ་བཅས་གཡག་རྒྱབ༧༠ཙམ་མཉམ་ཐོན་བྱས་ཏེ་ཉིན༧ལ་དགུན་ཕུ་ཞེས་པར་སླེབས།  དེ་ནས་གཡག་ཚང་མ་ཚུར་སློག་རྗེས་དེའི་ཉེ་འཁོར་ཡུལ་ཚན་གང་སར་ཁལ་མ་གླ་བར་ཕྱིན་ཡང་མ་རྙེད།  སྐལ་བཟང་གྲགས་པས་ཀློང་མདའི་གཞིས་གཉེར་ཆོས་དབང་བསྟན་འཛིན་ལ་རོགས་སྐྱོར་ཞུབ་པར། ཁོང་ནས་ང་ལ་མཛོ༨མ་གཏོགས་མེད་པས་ཚང་མ་ལྕོགས་ཐབས་བྲལ།  སྐྱིད་གྲོང་སྦུགས་ལ་ལམ་ཡང་མི་ཐར་བས།  ཁྱོད་རང་ཡིད་ཆེས་ན་ངས་དོས་རྒྱབ༨རྗེས་སུ་བལ་ཡུལ་དུ་ཁྱེར་ཡོང་། གླ་ཆ་ཡང་དེ་དུས་སྐད་ཆ་བྱེད་གསུངས་པར་ཁོང་ནས་ཡིད་ཆེས་གཙང་མ་ཡོད་པས་དེ་ག་རང་གནང་རོགས་ཞུས་ཏེ་དཔེ་ཆ་རྒྱབ་བཞི་དང་། སྐུ་འདྲ་སོགས་རྒྱབ་བཞི་བསྡོམས་རྒྱབ་བརྒྱད་བཏང་བ་དེ་ཚང་འགྲིག་བལ་ཡུལ་དུ་འབྱོར་ཞིང་གླ་ཆ་ཡང་མ་བཞེས་པར་གྲགས། དེ་སྐབས་དབུ་མ་ལུ་གུས་སྐལ་བཟང་གྲགས་པ་ལ་ང་ཚོ་མ་སླེབས་བར་ངང་སྒུག་ཙམ་མ་བྱས་པར་ཆོས་སྡིངས་དགོན་པའི་ཡོད་ན་མེད་ན་དེ་ཁྱོད་ཀྱིས་བརྒྱ་ཁ་གཅིག་ཆོད་བྱས་ནས་བཏང་བ་དེ་འོས་སུ་མ་མཆིས་ཞེས་གཤེ་གཤེ་མང་པོ་བཏང་འདུག དབུ་མ་ལུ་གུ་སོགས་ཁོ་ཚོའི་ལག་ཏུ་ཡོད་པའི་གསུང་འབུམ་དོས་རྒྱབ་བཞི་དང་ཅ་དངོས་གཞན་པ་རྣམས་ ཚང་མ་སྐྱིད་གྲོང་རྒྱུད་ནས་རླག་གཏོར་ཤོར་འདུག་ཅེས་ཐོས།  ད་ལྟ་རྒྱ་གར་ནས་པར་བའི་མ་དཔེ་དེ་སྔར་སྤོང་རོང་པདྨ་ཆོས་སྡིངས་ནས་སྐལ་བཟང་གྲགས་པས་ཕྱི་ཕྱོགས་སུ་དབོར་བའི་དོས་རྒྱབ་བཞི་པོ་དེ་ཡིན་འདུག

ད་ཆ་གསུང་འབུམ་རྩད་འཚོལ་ཞུ་བཞིན་པའི་སྐོར། 

སྤྱི་ལོ༡༩༩༤ལོར་ནས་བཟུང་ད་ལྟ་སྤྱི་ལོ༢༠༠༥ལོའི་བར་ང་ཚོའི་ཞིབ་འཇུག་ཁང་གི་རྒན་ཟླ་བ་ལགས་ནས་འབད་བརྩོན་བྱས་པར།  སྔར་ བོ་དོང་པདྨ་ཆོས་སྡིངས་དགོན་དུ་བཞུགས་པའི་གསུང་འབུམ་དབུ་ཅན་དང་དབུ་མེད་བྲིས་ མ་གཉིས་ཁྱོན་བསྡོམས་པོ་ཏི་ཉིས་བརྒྱ་བཅུ་དྲུག་ཙམ་ཡོད་པ་དུས་ཟིང་སྐབས་ཁ་འཐོར་ དུ་གྱུར་པའི་ལྷག་འཕྲོ་པོ་ཏི་ཆུང་ཆུང་བརྒྱ་སོ་བདུན་ཙམ་རྒྱ་གར་ནས་པར་སྐྲུན་ བྱས་པ་དེ་ཡང་འགའ་ཞིག་ཉི་ཟློས་དང་།  འགའ་ཤས་མགོ་མཇུག་མ་ཚང་བ་ཡང་མང་།   བླ་བྲང་བཀྲིས་འཁྱིལ་དུ་པོད༡༠༨ཙམ་དང་།  སེ་ར་དགོན་དུ་པོད༡༡ཙམ། འབྲས་སྤུངས་དགོན་དུ་པོད༢༠། རྩེ་ཕོ་བྲང་དུ་པོད༣༠ལྷག་ཙམ། ས་སྐྱ་དགོན་དུ་པོད༧ཙམ། བོད་ལྗོངས་དཔེ་མཛོད་ཁང་དུ་པོད༦། རྒྱལ་རྩེར་པོད༥། ཞྭ་ལུ་དགོན་དུ་པོད༡༠། བོ་དོང་ཨེ་རུ་པོད༣།  སྙེ་ མོ་བྱེ་མཁར་དགོན་དུ་པོད༣བཅས་ཡོད་པ་ཤེས་རྟོགས་བྱུང་སྟེ་ད་ཆ་དེ་དག་ལས་རྒྱ་གར་ དེབ་ཆེན་མར་དཔེ་བསྡུར་དང་འབྲེལ་བའི་ཞིབ་འཇུག་བྱེད་བཞིན་པ་དང་།   གཞན་རྣམས་འཚོལ་སྡུད་ཀྱི་ཐབས་བཟོ་མུས་ཡིན།

༼ས་མཐོའི་བུ་མོ༽སྤྱིའི་དེབ་གྲངས་དང་པོ་ལས་བཤུས།


གནད་བསྡུས།

བདག་ཉིད་ཆེན་པོ་འདི་ལ་བོ་དོང་པཎ་ཆེན་དང་། འཇིགས་མེད་གྲགས་པ། ཆོས་ཀྱི་རྒྱལ་མཚན་སོགས་མཚན་གྱི་རྣམ་གྲངས་འགའ་ཞིག་མཆིས་ཤིང་བོད་ཀྱི་མཁས་དབང་རིམ་བྱོན་ལས་གསུང་རྩོམ་ཆེས་མང་པོ་མཛད་པ་ཁོང་ཡིན་པར་བཞེད། རབ་བྱུང་དྲུག་པའི་ཤིང་ཡོས(༡༣༧༥)ལོར་ཡབ་སྟོན་པ་ཆོས་ དབྱིངས་རྒྱལ་མཚན་དང་། ཡུམ་བྱང་ཆུབ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ལ་གཡུང་དྲུང་སངས་རྒྱས་སྐྱིད་ཅེས་གསོལ། དགུང་ལོ་ལྔ་པ་ནས་ཡི་གེ་འབྲི་ཀློག་ལ་གསན་སྦྱོང་གནང་། དགུང་ལོ་བདུན་པར་གྱམ་བསམ་གཏན་གླིང་དུ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱི་དྲུང་ནས་རབ་ཏུ་བྱུང་སྟེ་མཚན་ལ་སངས་རྒྱས་རྒྱལ་མཚན་ཞེས་གསོལ། རྗེས་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་པས་མཚན་ལ་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ། དགུང་ལོ་བཅུ་དྲུག་པར་ས་སྐྱར་རྣམ་འགྲེལ་གྲྭ་སྐོར་ལ་ཕེབས། དེ་དུས་སྙན་ངག་ཆེད་གཉེར་མ་གནང་ཡང་ཤིན་ཏུ་མཁས་པར་གྱུར་ནས་ཐུབ་པའི་དབང་པོ་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ་དང་། འཇམ་དབྱངས་ཀྱི་བསྟོད་པ་བརྒྱ་བ། གཞོན་ནུ་ནོར་བཟང་གི་རྟོགས་བརྗོད་སོགས་བཀའ་རྩོམ་དུ་མ་མཛད། དགུང་ལོ་ཉེར་གསུམ་པའི་སྟེང་དབུས་ཕྱོགས་སུ་གྲྭ་སྐོར་ལ་ཕེབས་པའི་ལམ་བར་ནས་སྙན་ངག་གི་བསྟན་བཅོས་ཡིད་ཀྱི་ཤིང་རྟ་བཀའ་རྩོམ་གནང་། རྩེད་ཐང་གི་ཆོས་སྡེ་ཆེན་པོ་དང་གསང་ཕུ་ནེའུ་ཐོག་ཏུ་ཕེབས་ནས་གྲྭ་སྐོར་གནང་བས་མཁས་པའི་སྙན་གྲགས་འབྲུག་སྒྲ་ལྟར་ཁྱབ། དེ་ནས་དགེ་བའི་བཤེས་གཉེན་མང་བོའི་དྲུང་ནས་ཐོས་བསམ་རྒྱ་ཆེར་གནང་། དགུང་ལོ་སུམ་ཅུ་ཙམ་ནས་དཔལ་དེ་ཉིད་འདུས་པ་བརྩམ་མགོ་ཚུགས། སྐབས་ཤིག་རང་གི་གྲུབ་མཐའ་བཙུགས་པར་བཞེད་དེ་དཔལ་མོ་ཆོས་སྡིངས་སོགས་དགོན་སྡེ་ཁ་ཤས་བཏབ་ནས་དེར་འཆད་ཉན་རྒྱ་ཆེར་སྤེལ་བས་བོ་དོང་པའི་གྲུབ་མཐའ་བྱུང་། དགུང་ལོ་བདུན་ཅུ་དོན་བདུན་པ་སྤྱི་ལོ(༡༤༥༡)ལོར་སྐུ་གཤེགས། གསུང་རྩོམ་པོད་བརྒྱ་དང་སུམ་ཅུ་སོ་བདུན་ཡོད་པར་བཤད།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/5/23 བལྟ་ཀློག (10243)