བཙན་པོའི་མགར་གྱི་དྲ་བའི་འགྲན་བསྡུར་རྩོམ་ཡིག་ལ་བྱ་དགའ་སྤྲད་པའི་མཛད་སྒོ་བསྡུས།

༄༅། །བཙན་པོའི་མགར་གྱི་དྲ་བའི་༢༠༡༤ལོའི་བོད་ཁམས་ཡོངས་ཀྱི་སློབ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་ལ་བྱ་དགའ་འབུལ་བའི་མཛད་སྒོ་སྤེལ་བ།

ཚོགས་རའི་ཟུར་ཞིག

ཚོགས་རའི་ཟུར་ཞིག

གསར་འགོད་པ། གངས།

       ༢༠༡༤ལོའི་སྤྱི་ཟླ་༧པའི་ཚེས་༦ཉིན་གྱི་སྔ་དྲོའི་ཆུ་ཚོད་༩ཡི་སྟེང་དུ་བཙན་པོའི་མགར་གྱི་དྲྭ་ཚིགས་གཙོ་གཉེར་བ་དག་གི་རྩ་འཛུགས་འོག་ཀན་སུའུ་ཞིང་ཆེན་མདོ་ལྷོ་ཁུལ་རྨ་ཆུ་རྩྭ་ཐང་ནས་བཙན་པོའི་མགར་གྱི་དྲ་བའི་༢༠༡༤ལོའི་བོད་ཁམས་ཡོངས་ཀྱི་སློབ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་གྱི་བྱ་དགའ་འབུལ་བའི་མཛད་སྒོ་དངོས་སུ་སྤེལ།   ཐེངས་འདིའི་རྩོམ་ཡིག་འགྲན་བསྡུར་ཁྲོད་དུ་བོད་ཁུལ་གྱི་སྐད་གྲགས་ཆོད་པའི་མཁས་དབང་དང་རྩོམ་པ་པོ། བླ་སྤྲུལ་སེར་མོ་བ། སློབ་འབྲིང་དགེ་རྒན།  སློབ་ཆེན་སློབ་མ།   སློབ་གསོའི་ཕྱོགས་ལ་རོགས་སྐྱོར་གནང་མཁན་གྱི་ཚོང་རམས་པ།  ད་དུང་མདོ་དབུས་ཁམས་གསུམ་གྱི་མགར་སྐོར་འཐུས་ཚབ་གཙོ་གྲས་སོགས་ལས་རིགས་མི་འདྲ་བའི་མི་སྣ་མང་པོ་གདན་དྲངས་ཡོད།

མགར་ཨ་སངས་ཀྱིས་མདོ་འཛིན་བྱེད་བཞིན་པ།

དྲྭ་ཚིགས་གཙོ་གཉེར་བ་ཁཱ་ཤེས་རབ་རྒྱ་མཚོས་བྱ་དགའ་སྟེར་བའི་ལས་རིམ་ལ་མདོ་འཛིན་བྱེད་བཞིན་པ།

གཏམ་བཤད་ནང་དོན་མདོར་བསྡུས།

       བཀུར་བར་འོས་པའི་འདིར་ཕེབས་ཀྱི་གདན་ཞུའི་སྐུ་མགྲོན་དང་སློབ་གྲོགས་རྣམ་པ་ལགས།  ༢༠༡༣ལོའི་སྤྱི་ཟླ་༣པའི་ནང་རྒྱལ་ཁབ་བརྡ་འཕྲིན་པུའུ་ཡིས་ཆོག་མཆན་གནང་བར་བརྟེན་ནས། ལོ་དེའི་སྤྱི་ཟླ་༧པར་དངོས་སུ་བཙན་པོའི་མགར་གྱི་དྲྭ་ཚིགས་ཤར་གཏོང་མཛད་སྒོ་བསྡུས་པ་ཡིན། དེ་ནས་གཙོ་གཉེར་བ་དང་རྩོམ་སྒྲིག་པ་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ནས་རྒྱ་ཆེ་བའི་རྩོམ་པ་པོ་དང་ཀློག་པ་པོ་རྣམས་ཀྱིས་ཧུར་བརྩོན་གྱིས་རྒྱབ་རོགས་བྱས་པ་སོགས་ཀྱིས་བཙན་པོའི་མགར་གྱི་དྲ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་དང་། ཁྱབ་རྒྱ་ཇེ་ཆེར་ཕྱིན་ཏེ་ཕྱོགས་ཡོངས་ནས་བོད་ཀྱི་ཆབ་དཔལ་རིག་གསུམ་ལ་ཞིབ་འཇུག་གི་ལས་དོན་དེར་སྐུལ་འདེད་དང་བློ་འདོན་གྱི་ནུས་པ་མི་དམན་པ་བསྐྱེད་པ་ཡིན་སྟབས། ངེད་དྲ་བར་རྩོམ་ཡིག་བསྐུར་གནང་དང་བལྟ་ཀློག་བྱེད་མཁན་གྱི་གྲངས་འབོར་ས་ཡ་གཅིག་དང་འབུམ་གསུམ་ལྷག་བྱུང་བ་ནི་མིག་སྔར་བོད་ཀྱི་ཆ་འཕྲིན་དུས་བབ་ཁྲོད་ལོ་རྒྱུས་ཀྱི་གླེང་གཞི་དང་གསར་བ་ཞིག་བསྐྲུན་ཡོད། ད་དུང་འཛམ་གླིང་གསར་འགྱུར་སྒྲོག་འདོན་ཁང་སོགས་ཀྱིས་ཀྱང་འགྲོ་བ་མིའི་ཤེས་རབ་ཀྱི་སྙིང་བཅུད་འདུས་པའི་སྐར་ཁུང་གི་ཆོ་ལོ་ཐོབ་པ་དགའ་འོས་པའི་གནས་སུ་འཁུམས་ཡོད། དེ་བཞིན་དངོས་ཤུགས་བརྒྱུད་གསུམ་ནས་ཁྱེད་ཅག་གི་རྒྱབ་སྐྱོར་དང་ལྷག་བསམ་མེད་ཚེ་ངེད་དྲྭ་ཚིགས་ལ་དེ་རིང་གི་ཉིན་མོ་ཡོད་མི་སྲིད་པས་རྒྱ་ཆེའི་གྲོགས་པོ་དག་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད།

      བཙན་པོའི་མགར་གྱི་དྲ་བར་རྒྱལ་ཁབ་རིམ་པའི་ཆོག་མཆན་ཐོབ་འོག་རང་རྒྱལ་གྱི་བོད་འབྲེལ་དྲ་བའི་ཁྲོད་གཞི་རྒྱ་ཅུང་ཆེ་ཞིང་ཁྱད་ཆོས་ལྡན་པའི་དྲྭ་ཚིགས་ཤིག་དང་བོད་མི་རིགས་ཀྱི་རིག་གནས་ལ་ཁ་གཏད་ནས་སྣ་འཛོམས་རང་བཞིན་གྱི་ལས་གྲྭ་ཞིག་ཆགས་ཡོད། ད་ལྟ་བོད་མདོ་དབུས་ཁམས་གསུམ་དུ་ལས་སྒྲུབ་ཁང་གསར་འཛུགས་དང་།  གསར་འགོད་པ་དང་རྩོམ་སྒྲིག་པ་འོས་བསྡུ་བྱེད་བཞིན་ཡོད། མིག་སྔར་དྲྭ་ཚིགས་རིག་གནས་བགྲོ་གླེང་ངོས་ཐད་ཀྱི་རྩོམ་ཡིག་དང་སྲོལ་རྒྱུན་རིག་གནས་གཙིགས་སུ་བཟུང་ཐོག་རང་བྱུང་ཚན་རིག་ལག་རྩལ་སོགས་ཤེས་བྱ་སྣ་མང་མཁོ་སྤྲོད་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཅི་ཐུབ་བྱེད་ཀྱིན་ཡོད་ལ་ངས་འདི་ནས་ཐེངས་འདིའི་བཙན་པོའི་མགར་གྱི་དྲ་བས་བོད་ཁམས་ཡོངས་ཀྱི་སློབ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་ལ་བྱ་དགའ་ཐོབ་མཁན་གྱི་མིང་སྒྲོག་འདོན་བྱས་ཏེ་སློབ་གྲོགས་འདི་དག་གར་སྟེགས་སྟེང་རེ་རེ་ནས་གདན་འདྲེན་ཞུ་རྒྱུ་ཡིན་ཞེས་གསུངས་ཤིང་།

ང་ཚོས་གཉེར་བའི་བྱ་བ་འདི་ལ་ཉམས་མྱོང་དང་བཀོད་སྒྲིག་གིས་མ་འདང་ས་མང་བོ་ཞིག་ངེས་པར་ཡོད་སྲིད་པས་དགོངས་དག་ཞུ་བ་དང་ཆབས་ཅིག་འོ་སྐོལ་ཁ་བ་རི་བའི་རྩོམ་རིག་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐད་ལ་དྲྭ་ཚིགས་གཉེར་བའི་སྔོན་ཐོན་འདུ་ཤེས་ཆགས་པར་བྱེད་པ་དང་། དྲྭ་ཚིགས་གཉེར་བའི་ཐབས་ལམ་གསར་བ་འཚོལ་སྙེག་བྱེད་པ་བཅས་ཀྱི་ཆེད་དུ་ང་ཚོ་བཙན་པོ་མགར་གྱི་དྲ་བའི་གཙོ་འགན་པ་དང་རྩོམ་སྒྲིག་པ་ཡོངས་ཀྱིས་འབད་འབུངས་ཤུགས་དྲག་བྱ་རྒྱུ་ཡིན།

     མཇུག་ཏུ་ཁྱེད་རྩོམ་པ་པོ། ཀློག་པ་པོ། སྐུ་མགྲོན་རྣམ་པ་དུས་དང་རྣམ་པ་ཀུན་ཏུ་བཙན་པོའི་མགར་གྱི་དྲ་བར་ཕེབས་པར་ངེད་ལས་མི་ཡོངས་ཀྱིས་མ་བཅོས་སེམས་ཀྱིས་ཐལ་མོ་སྙིང་གར་སྦྱར་ཏེ་དགའ་བའི་འཛུམ་གྱིས་བསུ་མ་ཞུ་བ་དང་ཆབས་ཅིག་ཁྱེད་ཅག་གི་ཁ་བསོད་རླུང་རྟ་དར་ཞིང་བསམ་དོན་རི་མོ་འགྲུབ་པའི་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན།

      བཙན་པོའི་མགར་གྱི་དྲྭ་ཚིགས་གཙོ་གཉེར་བ་ཁོང་གཉིས་ཀྱིས་ཐེངས་འདིའི་རྩོམ་ཡིག་འགྲན་བསྡུར་ཐོག་སེམས་ཤུགས་དང་ལུས་ཤུགས་གང་མང་བཏོན་མཐར་བདེ་ལེགས་ངང་འགྲུབ་པ་རེད།    ཐེངས་འདིའི་རྩོམ་ཡིག་འགྲན་བསྡུར་གྱི་མགོ་མཇུག་བར་གསུམ་དུ་འགྲོ་སོང་འབོར་ཆེན་བཏང་ཡོད།    དེ་ལས་འདུ་ཚོགས་ཀྱི་ཚོགས་རའི་འགྲོ་སོང་དང་།   གཟི་བརྗིད་དཔང་ཡིག་དང་བྱ་དགའི་དངུལ།   ད་དུང་སྐུ་མགྲོན་གྱི་ལམ་གླ་དང་མགྲོན་ཁང་།   བྱ་དགའ་ཐོབ་པའི་སློབ་མ་རྣམས་ཀྱི་ལམ་གླ་དང་མགྲོན་ཁང་སོགས་མགར་ཨ་སངས་ཀྱིས་འགན་འཁུལ་ཞིང་།    མགོ་ལོག་གི་སྤྲུལ་སྐུ་སྤྱོད་བཟང་ལགས་ཀྱིས་སྒོར་ཁྲི་གཅིག་ཞལ་འདེབས་ཕུལ་ཡོད།

དཔྱད་འདེམས་པ་རྨོག་རུ་ཤེས་རབ་རྡོ་རྗེ་ལགས་ཀྱིས་གཏམ་བཤད་སྤེལ་བཞིན་པ།

       ཐེངས་འདིའི་རྩོམ་ཡིག་དཔྱད་འདེམས་འཐུས་མི་སྟེ།   རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་རྩོམ་འབྲི་བའི་སྙན་ངག་པ་དགའ་བདེ་ཚེ་རིང་།    རྒྱལ་ཁབ་ཕྱི་ནང་ཀུན་ན་སྙན་པའི་གྲགས་པ་མཐོ་བའི་རྩོམ་པ་པོ་སྐྱབས་ཆེན་བདེ་གྲོལ་དང་རྨོག་རུ་ཤེས་རབ་རྡོ་རྗེ།  དངུལ་རའི་བཟོད་པ།  དྲྭ་སྟེགས་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ལྷམ་ཀོག་སོགས་ཡིན། དཔྱད་འདེམ་པའི་འཐུས་ཚབ་རྨོག་རུ་ཤེས་རབ་རྡོ་རྗེ་ལགས་ཀྱིས་ཚོགས་ཐོག་ཏུ་འགྲན་ཞུགས་རྩོམ་ཡིག་ལས་བྱ་དགའ་ཐོབ་པའི་རྩོམ་ཡིག་དག་དྲང་བདེན་དང་དྲང་བཞག་གི་གོ་རིམ་རབ་དང་རིམ་པ་བརྒྱུད་ནས་གཏན་ལ་ཕབ་ཚུལ་གྱི་གནས་ཚུལ་གསལ་བོར་བསྒྲགས་ཤིང་།   ཀློག་མཁན་དང་རྩོམ་མཁན་སུ་ཡིན་ཡང་དོགས་པ་ཟ་མི་དགོས་པའི་རྒྱུ་མཚན་གསལ་བོར་དྲངས།

འཛམ་གླིང་ཅི་ཉི་སེའི་ཟིན་ཐོར་ཚུད་པའི་ཡིག་མཁན་དགེ་མང་འཇལ་དཔལ་ལགས།

        བོད་ཀྱི་ཡིག་གཟུགས་མཁས་ཅན་དགེ་མང་འཇམ་དཔལ་ལགས་ཀྱིས་ཚོགས་ཐོག་ཏུ་སྤྲོ་བག་ལྡན་ལ་རང་རེའི་མི་རིགས་ཀྱི་རིག་གནས་ཀྱི་ལས་ཀའི་སྐོར་ནས་ཤ་ཚ་བའི་གཏམ་བཤད་གནང་སོང་།  སྐུ་ཞབས་དགེ་མང་འཇལ་དཔལ་དང་རྡོ་རྗེ་དོན་གྲུབ་གཉིས་ཀྱིས་བྲིས་པའི་འཛམ་གླིང་ཐོག་ཆེས་རིང་བ་དང་ཆེས་ཡིག་གཟུགས་མང་བའི་བོད་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མེད་པའི་ཕྱག་བྲིས་བོད་ཀྱི་ལོ་རྒྱུས་ཐོག་གི་ཡིག་གཟུགས་གཅེས་བསྡུས་ཞེས་པ་ལ་འཛམ་གླིང་ཅི་ཉི་སེའི་ཟིན་ཐོར་བཀོད་པའི་བྱ་དགའ་ཐོབ་མྱོང་།   རྒྱལ་སྤྱིའི་སྒང་གི་འཇོན་ཐང་ཅན་གྱི་མི་སྣ་འདི་འདྲ་ཐེངས་འདིའི་ཚོགས་ཐོག་ཏུ་ཕེབས་ཐུབ་པ་ཡིས་ཐེངས་འདིའི་མཛད་སྒོར་གཟི་བརྗིད་བསྣན་ཅིང་རྨ་ཆུའི་ཡུལ་གྱི་འཕྲིན་བཟང་བླ་མེད་ཅིག་ཏུ་འདོད་ཡོད།

བྱ་དགའ་ཨང་དང་བོ་ཐོབ་མཁན་གངས་ཅན་དབྱངས་འཚོ།

      བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་སྨན་མདའ་ཡུལ་ཚོའི་ཡིན་ཞིང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་ཡོང་བའི་སློབ་བུ་གངས་ཅན་དབྱངས་མཚོ་ཡི༼རོལ་དབྱངས་ཀྱི་པང་དུ་ངུ་བའི་བྱིས་པ༽ར་བྱ་དགའ་ཨང་དང་པོ་ཐོབ་པ་ལ་དམངས་སྒོར་སྟོང་དྲུག་དང་དགེ་མང་འཇམ་དཔལ་གྱི་ཕྱག་བྲིས་ཡིག་ཐང་གཅིག་དང་གཟི་བརྗིད་དཔང་ཡིག་བཅས་ཐོབ།

ཚོགས་ཐོག་ཏུ་སློབ་མ་རེ་རེས་བྱ་དགའ་ཐོབ་པའི་མྱོང་ཚོར་གླེང་བ་དང་རྩོམ་ཡིག་གྱེར་འདོན་སོགས་བྱས།

བྱ་དགའ་ཨང་གཉིས་པ་ཐོབ་མཁན་སློབ་བུ་བགེགས་འཇོམ་རྡོ་རྗེ་དང་རྐང་ཚའི་ཁྱུང་སྐྱབས་རིན་ཆེན།

      སློབ་བུ་བགེགས་འཇོམ་རྡོ་རྗེའི༼ཉི་ཟླའི་ཕུགས་བསམ་༽ལ་བྱ་དགའ་ཨང་གཉིས་པ་ཐོབ་པར་དམངས་སྒོར་སྟོང་གསུམ་དང་གཟི་བརྗིད་དཔང་ཡིག་ཅིག་སྤྲད། ༼ སི་ཁྲོན་ཞིང་ཆེན་ཁྱུང་ཆུ་རྫོང་།༽

     སློབ་བུ་རྐང་ཚ་ཁྱུང་སྐྱབས་རིན་ཆེན་གྱི༼ཕངས་སེམས་ཀྱིས་བཟུང་བའི་སེམས་པ་༽ལ་བྱ་དགའ་ཨང་གཉིས་པ་ཐོབ་པར་དམངས་སྒོར་སྟོང་གསུམ་དང་གཟི་བརྗིད་དཔང་ཡིག་ཅིག་སྤྲད།   ༼ མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་། ༽

བྱ་དགའ་ཨང་གསུམ་པ་ཐོབ་པའི་སློབ་མའི་འདྲ་པར། 

     སློབ་བུ་སྒྲོལ་མ་སྐྱབས་ཀྱི༼མགར་གྱི་ཞབས་རྗེས་དྲན་པའི་ཟིན་ཐོ་༽ལ་བྱ་དགའ་ཨང་གསུམ་པ་ཐོབ་པར་དམངས་སྒོར་སྟོང་གཅིག་དང་གཟི་བརྗིད་དཔང་ཡིག་ཅིག་སྤྲད། ༼ཀན་སུའུ་ཞིང་ཆེན་ཀླུ་ཆུ་རྫོང་།༽

     སློབ་བུ་ཀུན་དགའ་བཟང་མོའི༼འཚོ་བ་ཞིག་གི་མྱོང་སྣང་༽ལ་བྱ་དགའ་ཨང་གསུམ་པ་ཐོབ་པར་དམངས་སྒོར་སྟོང་གཅིག་དང་གཟི་བརྗིད་དཔང་ཡིག་ཅིག་སྤྲད། ༼མཚོ་སྔོན་ཞིང་ཆེན་གཅིག་སྒྲིལ་རྫོང་། ༽

     སློབ་བུ་སྒྲོལ་མ་རྒྱ་མཚོ་ཡི༼རྨ་ཡུལ་ཁྲི་སྡེ་༽ལ་བྱ་དགའ་ཨང་གསུམ་པ་ཐོབ་པར་དམངས་སྒོར་སྟོང་གཅིག་དང་གཟི་བརྗིད་དཔང་ཡིག་ཅིག་སྤྲད། ༼མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་། ༽

ཕུལ་བྱུང་བྱ་དགའ་ཐོབ་པའི་སློབ་བུ་དྲུག་གི་འདྲ་པར།༼ཚོགས་ཐོག་ཏུ་ཞུགས་མ་ཐུབ་པ་བཞི་ཡོད།༽

    ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་བྱ་འགུལ་ཁྲོད་དུ་བསོད་ནམས་སྐྱབས་༼མཚོ་སྔོན་ཞིང་ཆེན་གཅིག་སྒྲིལ་རྫོང་༽དང་ཁོན་ཐར་སྐྱིད་།༼མཚོ་སྔོན་ཞིང་ཆེན་རྨ་ཆེན་རྫོང་།༽ཚེ་དཔག་སྐྱབས། ༼ཀན་སུའུ་ཞིང་ཆེན་ཀླུ་ཆུ་རྫོང་།༽མཐུ་སྟོབས་རྡོ་རྗེ། ༼ཀན་སུའུ་ཞིང་ཆེན་རྨ་ཆུ་རྫོང་།༽ཡེ་ཤེས་ནོར་བུ། ༼མཚོ་སྔོན་ཞིང་ཆེན་རྨ་ཆེན་རྫོང་།༽མགར་རུས་སྦྲེང་། ཡ་རུའི་བློ་བྷོ། ༼ཀན་སུའུ་ཞིང་ཆེན་རྨ་ཆུ་རྫོང་།༽རིན་ཆེན་ཚེ་རིང་། ༼ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་སློབ་འབྲིང་།༽ལྷ་ཚོགས་སྐྱབས། ༼ཟི་ཁྲོན་ཞིང་ཆེན་རྔ་བ་རྫོང་། ༽ཀུན་སྐྱོང་རྒྱལ་༼མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་། ༽བཅས་སློབ་གྲོགས་བཅུ་ལ་ཕུལ་བྱུང་བྱ་དགའ་དམངས་སྒོར་༣༠༠དང་གཟི་བརྗིད་དཔང་ཡིག་རེ་སྤྲད་དེ་བཀྲ་ཤིས་བདེ་ལེགས་ཀྱི་ངང་ནས་མཇུག་བསྡུས་པ།

ངེད་དྲྭ་ཚིགས་རྩོམ་སྒྲིག་པ་མགར་རྩེ་ཉི་ཟེར་དང་ཆོས་ཤུལ་གསང་བདག་གཉིས་ཀྱིས་དྲྭ་ཚིགས་ཀྱི་གནས་བབ་དང་རྩོམ་སྒྲིག་གི་སྐོར་མདོ་ཙམ་གླེང་བ།

ཐེངས་འདིར་བྱ་དགའ་ཐོབ་པའི་སློབ་མ་དང་ཚོགས་ཞུགས་དཔྱད་འདེམ་པ་དང་གདན་ཞུའི་སྐུ་མགྲོན་སོགས་མཉམ་པར་བསྐྱོན་པ།


རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/7/7 བལྟ་ཀློག (9039)