ཤེས་རིག་གླིང་གི་ལོ་རྒྱུས་ཀྱི་དཀྱོག་མཚམས།

ཐོན་མིའི་སློབ་གསོའི་སྐོར་གྱི་བགྲོ་གླེང་ཚོགས་འདུའི་ཟུར་དངོས་ཤིག

2014.7.11.ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གིས་འཁྲུངས་སྐར་ཉི་ཤུ་བ་བསུས།    


      ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར་བོད་ཡུལ་གྱི་མཁས་པ་བཙན་ལྷ་ངག་དབང་ཚུལ་ཁྲིམས།  སྡེ་རོང་ཚེ་རིང་དོན་གྲུབ།  ཁྲོ་བོ་རྒྱལ་མཚན།  འཇམ་དཔལ་བློ་ཤེས།  སྒང་བ་རྒྱ་ནག་པ།  ཀན་སུའུ་ནང་བསྟན་སློབ་གྲྭའི་རྒན་ཚེ་རིང་དོན་གྲུབ།  སེར་ཤུལ་ཁྲི་བ།  རྔོག་རྒྱུད་འཇམ་དབྱངས་འཕྲིན་ལས།  རྒྱ་ཡེ་བཀྲ་བྷོ།  ལྕགས་ཐར་རྒྱལ།  སྒོམ་པ་བཀྲ་ཤིས།  ཁ་སྒང་བཀྲ་ཤིས་ཚེ་རིང་།  ཟླ་བ་སྐྱིད།  ཚེ་རིང་འཚོ།  དཀོན་ལོ།  སྨན་པ་ཚེ་བཀྲ།  སྨན་པ་སྐལ་བཟང་བཀྲ་ཤིས་སོགས་དང་སློབ་གླིང་རང་གི་སློབ་གཙོ་འཇིགས་མེད་རྒྱལ་མཚན།   བཛྲ་ཚུལ་ཁྲིམས་རྒྱ་མཚོ།  ལྡོང་ཡོན་ཏན་རྒྱ་མཚོ།  རྒྱ་གྲོལ།  གྲགས་པ་བཟང་བོ།  གྱི་ལིང་འཇིགས་མེད།  ལྡོང་རུ་ཆོས་དུང་སོགས་ཁྱོན་ཚོགས་ཞུགས་མི་སྣ་བརྒྱད་ཅུ་ལྷག་གདན་འཛོམས་ཏེ་ཐོན་མིའི་སློབ་གསོའི་སྐོར་གྱི་བགྲོ་གླེང་བྱས་ཤིང་ཕྱི་དྲོར་ཚན་ཁག་བགོས་ཏེ་བོད་ཀྱི་སྲིད་འབྱོར་རིག་གསུམ་གང་ཅིའི་ཐད་ནས་འབུར་ཐོན་དང་རྒུད་སྐྱོབ་སོགས་བྱེད་དགོས་མིན་ཚོགས་ཞུགས་རང་རང་གི་རྣམ་དཔྱོད་རྩལ་དུ་བཏོན་ནས་གླེང་སློང་བ་སོགས་སྔ་ན་མ་བྱུང་བའི་བདེན་དོན་གྱི་ཆ་འཚོལ་སྙེག་དང་།  མཉམ་བགྲོད་མཉམ་གནས་ཀྱི་ལྟ་བ་གཞིར་ཚུགས་ཀྱིས་བོད་མདོ་དབུས་ཁམས་གསུམ་གྱི་མཁས་པ་རྣམས་ཐུགས་དགྱེས་པའི་མཆོད་སྤྲིན་ཞིག་བཤམས་པ་བློ་ཡུལ་ལས་འདས་སོ། །

ཐོན་མིའི་སློབ་གསོའི་སྐོར་གྱི་བགྲོ་གླེང་ཚོགས་འདུའི་ཟུར་དངོས་ཤིག

ཐོན་མིའི་སློབ་གསོའི་སྐོར་གྱི་བགྲོ་གླེང་ཚོགས་འདུའི་ཟུར་དངོས་ཤིག

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མས་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབས་པའི་དམངས་ཕན་ལས་སྒྲུབ་འགྲེམས་སྟོན་ཁང་གི་ཟུར་དངོས་ཤིག

      ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་སློབ་གཙོ་འཇིགས་མེད་རྒྱལ་མཚན་གྱིས་མདོ་འཛིན་གནངས་ཏེ་སློབ་གླིང་སྨད་ནས་མཚོ་སྔོན་ཞིང་ཆེན་རིམ་པ་དང་མགོ་ལོག་ཁུལ་དང་རྨ་ཆེན་རྫོང་སོགས་ཞིང་ཆེན་ཕྱི་ནང་གི་སྐུ་མགྲོན་གལ་ཆེན་ཚོགས་ཞུགས་མཛད་དེ་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཁྲུངས་སྐར་ཉི་ཤུ་བའི་འགོ་འཛུགས་མཛད་སྒོ་བསྡུས།

      ཕྱི་དྲོར་སློབ་གླིང་སྟོད་དུ་བོད་ནང་ན་སྙན་གྲགས་ཅན་གྱི་རྡུང་ལེན་པ་དཔལ་མགོན།   གླུ་གར་རྒྱལ།  ཤེར་བསྟན།  བདེ་སྐྱིད་ཚེ་རིང་།   གངས་ཅན་པ་སྒྲོལ་མ་སྐྱབས།  སྒྲོལ་པེ།  རིག་འཛིན་སྒྲོལ་མ།  ཀླུ་མོ་མཚོ།  མེ་ཏོག་ཚན་སྡེབ།  ལྷུན་གྲུབ་སོགས་­­༼ ཡོང་གླ་དང་སྐྱེལ་བསུ་ཡང་མི་དགོས་པར་འདུག ༽ལ་མ་བསྐུལ་དང་བླངས་ཀྱིས་སློབ་གླིང་དུ་འབྱོར་ཏེ་མ་ཡུམ་ཤེས་རིག་གླིང་ལ་གླུ་ངག་གིས་མཆོད་པ་ཕུལ་ཞིང་རང་སློབ་གྲྭས་ཀྱང་རིག་རྩལ་སྣ་ཚོགས་བཀོད་བསྒྲིགས་བྱས་ཏེ་རྒྱ་ཆེའི་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ།


        ཚེས་བཅུ་གསུམ་ཉིན་སློབ་གླིང་སྟོད་སྨད་གཉིས་ནས་སློབ་གླིང་འདི་ནས་མཐར་ཕྱིན་ཟིན་པའི་སློབ་མ་སྟོང་ལ་ཉེ་བ་དང་དགེ་སློབ་ཡོངས་ལྷན་དུ་འཛོམས་ཐོག་སློབ་གཙོ་འཇིགས་མེད་རྒྱལ་མཚན་གྱིས་སློབ་གྲྭའི་ཀྱག་ཀྱོག་གི་ལམ་ཕྲན་དང་།  བསྟོད་སྨད་ཀྱི་ས་མཚམས།  དབུལ་ཕྱུག་གི་དཀའ་རྙོག  སློབ་སྒྲུབ་ཀྱི་གོ་རིམ་ཁྲོད།  དཀའ་སྡུག་གང་མང་གིས་ལོ་ངོ་ཉི་ཤུ་ཕར་བསྐྱལ་ཞིང་།  མཚམས་རེར་ལས་ཀ་འདིའི་ཚོར་འདུ་སྐྱེན་པོས་མིག་ཆུ་ཁོག་ཏུ་མུད་ནས་རླབས་ཆེན་གྱི་བྱ་བཞག་འདིའི་གདོང་གཏུག་པ་སུ་ཡིས་ཚོར།  དེ་རིང་ཡང་ཁོང་གིས་དགེ་སློབ་ཡོངས་ཀྱི་མདུན་སར་མི་རིགས་འདི་དང་སྐད་ཡིག་གླེང་བཞིན་མིག་ཆུ་བཞུར་བ་འདིས་དགེ་སློབ་ཡོངས་ལ་སྨྲ་བསམ་བརྗོད་མེད་ཀྱི་སྙིང་སྟོབས་བསྩལ་ཡོད། 

        དེ་བས་ཀྱང་སློབ་གཙོ་འཇིགས་མེད་རྒྱལ་མཚན་ཁོང་དང་བཛྲ་ཚུལ་ཁྲིམས་རྒྱ་མཚོ།  ལྡོང་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་མདོ་འཛིན་མཛད་དེ་ད་རེབ་ཀྱི་འཁྲུངས་སྟོན་ཐོག་གདན་འཛོམས་པའི་མཐར་ཕྱིན་སློབ་མ་དང་སློབ་མཐར་མ་ཕྱིན་པའི་སློབ་གྲོགས་ཡོངས་སྐོང་འཚོགས་བྱས་ཏེ་ལོ་ངོ་ཉི་ཤུའི་ཁྲོད་ཀྱི་ཤེས་རིག་གླིང་གི་དགེ་མཚན་བརྗོད་རྒྱུ་མ་ཡིན་པར་ཤེས་རིག་གླིང་གི་སྐྱོན་ཆའམ་ཡང་ན་འཐུས་ཤོར་དང་སློབ་སྒྲུབ་ཀྱི་ངན་ཕྱོགས་དམིགས་ཀྱིས་བརྗོད་གཞི་ཡིན་པ་གཏན་འཁེལ་ཐོག  སྤྱིར་མི་ཞིག་ཡིན་ཕྱིན་དེ་ལ་དགེ་སྐྱོན་གཉིས་ཆ་ནས་བལྟ་དགོས་པ་ཆོས་ཉིད་ཅིག་ལས་ཡོད་ཚད་ལ་སྐྱོན་གྱིས་མ་གོས་པ་སངས་མ་རྒྱས་པར་མི་འདུག་སྟབས།  སློབ་གླིང་འདི་ཡང་བླ་མ་སྤྲུལ་སྐུ།  དཔོན་འགོ་བ།  ཕྱུག་བདག་སྐུ་དྲེག་མི་དྲེག་ཅིག་གིས་གཉེར་བ་མ་ཡིན་པར་སྤྱིར་བཏང་གི་གྲྭ་རྐྱང་དཀྱུས་མ་ཞིག་གི་ཐུགས་སྟོབས་ལས་འཁྲུངས་པ་ཡིན་པས་སུས་ཀྱང་སློབ་གླིང་འདི་ལ་ལྟ་ཚུལ་ལམ་བསམ་འཆར་འདོན་ཆོག་ཆོག་གི་སྒོ་མོ་སྔ་ནས་ཕྱེས་ཟིན་མོད།  ལ་ལས་ཕྲག་དོག་གི་སྐད་ཆ་ལས་བདེན་ཐུབ་ཀྱི་བསམ་ཚུལ་བཏོན་པ་མིན་ན་སློབ་གླིང་འདིས་ཁ་ཡ་བྱེད་མི་སྲིད་པར་བཏང་སྙོམས་སུ་འཇོག་རྒྱུ་དེ་ཡིན་སྟབས།   ནམ་རྒྱུན་སློབ་གླིང་འདིས་མི་རིགས་སྤྱི་ཕན་གྱི་སྐད་ཆ་དྲང་མོར་རེ་ཞིང་སྒུག་པས་ན་སློབ་གྲོགས་ཚོས་ཀྱང་།  བདེན་པ་བདེན་དྲང་གྱི་ལམ་ནས་ཤེས་རིག་གླིང་ལ་བསམ་ཚུལ་ཕྱིར་འཁོར་ཏེ་དགེ་སྐྱོན་དྭངས་སེལ་ཡོང་དགོས་པའི་བསམ་འཆར་རིགས་མང་བོ་བཏོན་ཏེ་དགེ་རྒན་རྣམས་ཐུགས་དགྱེས་པ་བྱུང་།  སྒོས་སུ་སློབ་གླིང་རང་གི་མཐར་ཕྱིན་སློབ་མ་རྣམས་སྤྱི་ཚོགས་སུ་ཞུགས་པའི་ཉམས་མྱོང་ཕྱོགས་བསྡུས་དང་སློབ་གླིང་རང་གིས་མ་འཁྱོངས་ས་དག་རྩལ་འདོན་གྱིས་མ་འོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གསོའི་ཁ་ཕྱོགས་ཇེ་བརྟན་དང་ཇེ་ལེགས་སུ་འགྲོ་བའི་དཀྱོག་མཚམས་འདི་ཐོལ་གྱིས་བརྒལ་བ་བྱུང་སྙམ།

འདི་ནི་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན་པའི་སློབ་གྲོགས་དང་དགེ་རྒན་མཉམ་ཞུགས་ཀྱི་དྲན་རྟེན་ལགས།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/7/14 བལྟ་ཀློག (20568)