གསལ་བསྒྲགས་མཐོང་ཆུང་མ་བྱ།

     ༄༅། །རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ལུང་རིགས་དཔྱད་པ་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་མཁས་དབང་རྣམ་པ་ལགས།     ནང་ཆོས་ཀྱི་དར་ཆ་ནི་སྤྱི་ལོ༡༨༨༥ལོར་སིང་ག་ལ་རུ་ཡོད་པའི་ཨ་རིའི་དམག་ སྤྱི་Mr,Henry  s. Alcottནས་ཤཱཀྱའི་དབང་བོའི་འཁྲུངས་སྐར་ལ་བཟོས་གནང་བ་ཡིན་ཞིང་།  ཤཱཀྱའི་དབང་བོ་སངས་རྒྱས་པའི་ཚེ་འོད་རྣམ་པ་དྲུག་འཕྲོས་པའི་རྟེན་འབྲེལ་གྱིས་ཁ་དོག་དྲུག་བཟོས་པ་རེད་འདུག  ཁ་དོག་དྲུག་གི་དར་ཆ་འདི་སྤྱི་ལོ་༡༩༥༦ལོར་འབར་མ་རུ་འཚོགས་པའི་ནང་ཆོས་མཛའ་འབྲེལ་ཐེངས་དྲུག་པའི་སྟེང་ནང་ཆོས་ཀྱི་དར་ཆ་རུ་གཏན་འཁེལ་བྱས་པ་བདེན་གྲང་ན།  གྲུབ་མཐའ་ཐམས་ཅད་ཀྱིས་ཕྱོགས་སུ་མ་ལྷུང་བའི་སྒོ་ནས་དཀྲོག་གཏམ་མི་བཟོ་བ་གལ་ཆེ་སྟེ།  དཔེར་ན་ངེད་གྲུབ་མཐའ་ཆོས་དར་གྱི་ནང་ཚུད་མེད།  གྲུབ་མཐའ་ཆེ་རིགས་ཀྱི་ཁོངས་སུ་ཡང་བགྲང་གི་མི་འདུག་ཅེས་རང་གིས་རང་ཉིད་བརྙས་པའམ་ཡང་ན་ཡིད་ཆེས་ཏན་ཏན་ཏིག་ཏིག་མེད་སོང་བ་སྐོར་ཞིག་གིས་རང་གི་གྲུབ་མཐའ་རྒྱུན་འཛིན་དང་དར་སྤེལ་གཏོང་མ་ཐུབ་པ་གཞན་ལ་ཁག་འགེལ་བ་ནི་ངོ་ཚ་བའི་གནས་སུ་འཁུམས།   སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཕུང་བརྒྱ་ཁྲི་བཞི་སྟོང་སེམས་ཅན་ཐམས་ཅད་ལ་གསུངས་པ་འདྲ་མཉམ་ཡིན་ལ།   ཆོས་རྒྱུད་གྲུབ་མཐའ་རང་རང་གིས་རང་གི་གཞི་ལམ་འབྲས་གསུམ་རིགས་པས་གཏན་ལ་ཕབས་ཏེ་ལུང་རྟོགས་ཀྱི་བསྟན་པ་ཡུན་རིང་དུ་གནས་སྤེལ་གཏོང་བ་ཡིན་ཙ་ན།   བསྟན་པ་འཛིན་མཁན་ཡང་ཁྱེད་ཅག་མཐོན་པོ་ཁྲི་འཛིན་གྱི་རིགས་ཡིན་ལ་གཏོར་མཁན་དང་གྲུབ་མཐའི་ནང་དཀྲུག་མཁན་ཡང་ཁྱེད་ཅག་ལས་མ་འདས།   ད་སྐབས་ངེད་དྲྭ་ཚིགས་ནང་གྲུབ་མཐའི་ཕྱོགས་ཞེན་གྱི་ཉོག་རྩོམ་སྐོར་ཞིག་བསྐུར་ནས་ཡོང་ཡང་དྲྭ་ངོས་སུ་བཀོད་མེད།  རྒྱུ་མཚན་ནི་ང་ཚོས་ནམ་རྒྱུན་མི་དང་མིའི་བར་གཤེ་བསྐུར་དང་།   བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་བཟུང་ཡོད།   ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་དང་ནང་སྒོས་བོད་ཀྱི་སྲིད་འབྱོར་རིག་གསུམ་ལ་ཕན་པའི་རྩོམ་ཡིག་བསྐུར་གནང་ཡོང་བར་ཞུ།


ནང་ཆོས་ཀྱི་དར་ཆ་ངོ་སྤྲོད་རྒྱས་པ་ཤེས་འདོད་ན་འདི་ནོན།

བཙན་པོའི་མགར་གྱི་དྲྭ་ཚིགས་གཙོ་གཉེར་བ་ཁཱ་ཤེས་རབ་རྒྱ་མཚོས་གུས་ཕུལ།

༢༠༡༤ལོའི་༨པའི་ཚེས་༡༤ཉིན།


རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/8/14 བལྟ་ཀློག (36350)