བཛྲ་ཚུལ་ཁྲིམས་རྒྱ་མཚོས་བོད་ཀྱི་སློབ་གསོའི་འགན་འཁྲི་གསུངས་པ།

    ཤེས་འཇོན་སྤྱོད་གསུམ་ལྡན་པའི་བོད་མིའི་དཔུང་སྡེ་ཞིག་བསྐྱེད་སྲིང་བྱེད་རྒྱུ་ནི་བོད་ཀྱི་སློབ་གསོའི་འགན་འཁྲི་ཡིན།
བཛྲ་ཚུལ་ཁྲིམས་རྒྱ་མཚོ།

        ༼འདི་ནི་ངས་ཉིན་འགའི་སྔོན་ཀླུ་ཆུ་རྫོང་བོད་ཡིག་སློབ་འབྲིང་དུ་འཆད་ཁྲིད་ཅིག་བྱེད་ཁུལ་བྱས་པའི་དོན་བསྡུས་ནས་རང་གིས་བྲིས་པ་ཡིན་པས།  བློ་གསལ་གཞོན་སྐྱེས་རྣམས་ལ་ཕན་ཐོགས་པར་སྨོན།

    འདིར་ཕེབས་པའི་དགེ་རྒན་རྣམ་པ་དང་སློབ་གྲོགས་རྣམ་པ།  དེ་ལས་གཞན་ད་དུང་མི་རིགས་སློབ་གསོའི་ལས་དོན་ལ་ལྷག་བསམ་དཀར་བའི་གྲོགས་པོ་ཡོངས་ལ།  ངས་ཐོག་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
    ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་གཙོ་དཀོན་མཆོག་ཚེ་བརྟན་སོགས་དགེ་རྒན་རྣམས་ཀྱིས་ཡང་ཡང་བསྐུལ་བའི་འདོད་མོས་དང་བསྟུན་ནས།  དེ་རིང་ང་སློབ་གྲྭ་འདིར་ཡོང་ནས་ཁྱེད་ཅག་དགེ་སློབ་ཡོངས་ལ་ཁ་བརྡ་ཐུང་ཐུང་ཞིག་བྱེད་དགོས་བྱུང་སོང་།   དེ་ཡང་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ཞལ་ནས།  སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པས་པའང་བདག་ལ་ཡོད་མིན་ཏེ།  །ཞེས་གསུངས་པ་ལྟར་ང་ལ་རྣམ་པ་ཚོར་སྔོན་ཆད་མཁས་པ་སུས་ཀྱང་གསུངས་མ་མྱོང་བ་དང་།   ད་ལྟ་ཁྱེད་ཅག་གིས་གཏན་ནས་ཐོས་མ་མྱོང་བ།ཤིན་ཏུ་ངོ་མཚར་བ།སྙན་ཚིག་དང་སྡེབ་སྦྱོར་སོགས་ཚིག་སྦྱོར་ཡིད་དུ་འོང་བའི་རྒྱན་གྱིས་ལེགས་པར་སྤུད་པའི་ལེགས་བཤད་གསར་བའི་སྐྱེས་བཟང་ནི་འབུལ་རྒྱུ་ག་ལ་ཡོད་དེ་ཅི་ཡང་མེད་མོད།  འོན་ཀྱང་རང་ཉིད་སློབ་གསོའི་ལས་དོན་ལ་སེམས་དགའ་ཞིང་།   ལོ་ངོ་མང་བོའི་རིང་དུ་སློབ་གསོའི་བྱ་གཞག་ལ་ཞུགས་ཁུལ་བྱས་པའི་ཉམས་མྱོང་ཕྲན་བུ་རེ་ཡོད་པ་དང་།  དེ་ལས་བྱུང་བའི་བསམ་ཚུལ་ཅུང་ཟད་རེ་མཆིས་པ་རྣམས་དེ་རིང་རྣམ་པ་ཚོར་ཞུ་དགོས་བསམ་ཀྱིན་ཡོད།
    དེ་ཡང་ངས་དེ་རིང་རྣམ་པ་ཚོར་༼ཤེས་འཇོན་སྤྱོད་ལྡན་པའི་བོད་མིའི་དཔུང་སྡེ་ཞིག་བསྐྱེད་སྲིང་བྱེད་རྒྱུ་ནི་བོད་ཀྱི་སློབ་གསོའི་འགན་འཁྲི་ཡིན་༽ཞེས་པའི་བརྗོད་བྱའི་སྟེང་ནས་བཤད་བསམ་གི་ཡོད།  རྣམ་པ་ཚོས་ཉན་བདེ་བར་བྱ་བའི་ཕྱིར།འདིར་བཤད་འདོད་པའི་བརྗོད་བྱ་མཐའ་དག་དོན་ཚན་བཞིའི་ནང་དུ་བསྡུས་ནས་བཤད་པར་བྱའོ།།
དང་བོ།

     རང་ཉིད་མི་ཡིན་པ་བརྗེད་དུ་མི་འཇུག་པར་མི་གཤིས་མི་འདོར་བ།    ང་ཚོས་མི་གཤིས་འདོར་རུང་མི་རུང་ཤེས་པ་ལ།  ཐོག་མར་མི་གཤིས་ཞེས་པ་ཅི་ཞིག་ཏུ་ངོས་འཛིན་པ་ཤེས་དགོས་ལ།  དེ་ཤེས་པ་ལའང་མི་ཞེས་པའི་མིང་གི་དོན་ཤེས་པ་སྔོན་དུ་འགྲོ་དགོས་སྙམ།  འོ་ན་མི་ཞེས་པའི་མིང་ལ་དོན་ཅི་ཞིག་ཡོད་ཅེ་ན།    དེ་ཡང་བོད་སྐད་ཀྱི་མི་ཞེས་པའི་མིང་འདིའི་དོན་མཚོན་བྱེད་ལ་རྒྱལ་ཁབ་དང་མི་རིགས་མི་འདྲ་བའི་དབང་གིས་སྣ་ཚོགས་ཤིག་འདུག་སྟེ།  དཔེར་ན་ནུབ་ཕྱོགས་སུ།  ཡོ་བྱད་བེད་སྤྱོད་བྱེད་པའི་སྐྱེ་དངོས་༼使用工具的生物༽ཞེས་པ་ལྟ་བུ་དང་།  སྤྱི་ཚོགས་རང་བཞིན་ཅན་གྱི་སྲོག་ཆགས༼社会性的动 物༽། རོལ་རྩེད་ཤེས་པའི་གང་ཟག༼会游戏的人༽ཞེས་པ་ལ་སོགས་པའི་ཐ་སྙད་ཀྱིས་མཚོན་པ་དང་།  རུས་ཏེན་གྱི་རྩི་ཤིང་རིག་པ་བ་ལིན་ནེ༼林奈༽ཞེས་པས་རིག་གཞུང་དང་མཐུན་པའི་མིང་བཏགས་པ་ནི།  རིག་པ་ཅན༼智人༽ཞེས་པ་ལྟ་བུ་དང་།ཧྥ་རན་སིའི་སྐྱེ་དངོས་རིག་པ་བ་ཁྲ་ལིས་ལིས་ཤེ༼查理•里歇༽ཞེས་པས་ཟུར་ཟའི་དོན་ཅན་རྨོངས་པ་༼愚人༽ཞེས་བཏགས་པ་ལྟ་བུ་སོགས་མང་བོ་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་མིའི་རང་གཤིས་ལ་རང་གི་ལྟ་ཚུལ་ཇི་ལྟར་ཡིན་པ་རེ་མཚོན་གི་ཡོད་པས་ན་གོ་རྒྱུ་རེ་ཡོད་ཚོད་ཡིན།

     ཤར་ཕྱོགས་སུ་ལེགས་སྦྱར་སྐད་དུ་ན་ར་ཟེར་མོད།   མ་ནུ་ཤ་ཞེས་པའི་ཐ་སྙད་ཀྱིས་ཀྱང་མཚོན་པར་ཐོས་ཤིང་།   དེ་ནི་བསམ་གཞིག་མཁན་ཞེས་པའི་དོན་དུ་འགྱུར་བར་བཤད་ལ།   འཇར་མན་པའི་སྐད་དང་།   དབྱིན་སྐད་དང་།   ཧྥ་རན་སིའི་སྐད་དུའང་དོན་འདི་དང་མཚུངས་པའི་མི་ཞེས་པ་མཚོན་བྱེད་ཀྱི་བརྡ་རེ་ཡོད་པར་བཤད་དོ།  །

     དེས་ན་ཤར་ནུབ་གང་གི་དབང་དུ་བྱས་ཀྱང་།   མི་དང་སྲོག་ཆགས་གཞན་གྱི་ཁྱད་པར་ནི།   དོན་དང་དོན་མ་ཡིན་པ་རྣམ་པར་དཔྱོད་པའི་བློ་རིག་ཡོད་མེད་ཀྱི་སྒོ་ནས་འབྱེད་པར་མངོན་ནོ།   །
     ང་ཚོ་ཆུང་དུས་དགོན་པར་ཆོས་གྲོགས་རྣམས་དང་ལྷན་ཅིག་བསྡུས་གྲྭའི་རྩོད་པ་བྱེད་སྐབས།   མིའི་མཚན་ཉིད་ལ་སྨྲ་ཤེས་དོན་གོ་བཞག་པ་ན།   འོ་ན་མི་ལྐུག་པ་མི་ཡིན་མིན་སོགས་རྩོད་པ་བྱེད་རྒྱུ་ཡོད་མོད།     ཁས་ལེན་ཟིན་མི་ཟིན་ཇི་ལྟར་ཡང་མཚན་ཉིད་དེ་ལྟར་བཞག་པ་ལ་བསམ་བློ་གཏོང་ཤེས་ན་གོ་རྒྱུ་ཡོད་སྙམ།   གོ་རྒྱུ་ཅི་ཞིག་ཡོད་ཅེ་ན།   འདིའི་སྐབས་ཀྱི་དོན་གོ་བ་ཞེས་པ་ནི་འགྲོ་འཆག་ཉལ་འདུག་དང་ཟ་འཐུང་གི་དོན་གོ་བ་ཙམ་ལ་བྱེད་རྒྱུ་མ་ཡིན་པར།   རང་གཞན་ཀུན་ལ་ཕན་མི་ཕན་གྱི་དོན་གོ་བའམ་ཤེས་པ་ལ་བྱེད་དགོས།   དེ་ཡང་དེ་ལྟ་བུའི་དོན་གོ་བ་ནི་མཚན་ཉིད་ཡོངས་སུ་རྫོགས་པའི་མི་དང་།རང་གཞན་གྱི་འདས་མ་འོང་གི་དོན་ལ་བསམ་བློ་ཅུང་ཟད་ཀྱང་གཏོང་མི་ཤེས་པ་ནི་དུད་འགྲོའམ།མིའི་རྣམ་པར་ཡོད་ཀྱང་མིའི་མཚན་ཉིད་ཡོངས་སུ་མ་རྫོགས་པ་རེད་ཅེས་གོ་རྒྱུ་ཡོད་པ་ལྟ་བུ་སྟེ།     དམ་པ་གོང་མ་དག་གིས།ད་རེས་ཕྱུགས་དང་བྱེ་བྲག་འབྱེད་པའི་དུས་ཡིན་ནོ་ཞེས་གསུངས་པའི་དོན་ཡང་དེ་ལྟ་བུར་གོ་དགོས་པའི་ཕྱིར།   གལ་ཏེ་དེ་ལྟ་མིན་ན་ཕྱིའི་སྐྱེ་གཟུགས་ཙམ་ནི་མིར་སྐྱེས་ཙམ་ཉིད་ནས་རང་བཞིན་གྱིས་ཁྱད་པར་དོད་འདུག་པས།   ཁྱད་འབྱེད་ཅེས་པའི་ཚིག་ལའང་ནུས་པ་མེད་པར་འགྱུར་བས་སོ།།
    དེས་ན་ཅི་ཞིག་གིས་ཁྱད་འབྱེད་ཅེ་ན།   བསམ་བློ་དང་བྱ་སྤྱོད་ཀྱི་སྟེང་ནས་ཁྱད་འབྱེད་དགོས།  དེ་ཡང་འགྲོ་འཆག་ཉལ་འདུག་དང་ཟ་འཐུང་ཙམ་མམ།   རང་གཞན་རིས་སུ་གཅོད་པའི་ཆགས་སྡང་ཤིན་ཏུ་ཆེ་བའམ།   གནས་སྐབས་རང་ཉིད་བདེ་ཐབས་ཙམ།   བྲོ་གར་སོགས་རྩེད་མོ་རྩེ་ཤེས་པ་ལྟ་བུ་ཙམ་ལས་མེད་ན་དུད་འགྲོ་ལས་མ་ལྷག་པ་ཡིན་ཏེ།   དེ་ཙམ་ནི་དུད་འགྲོ་རྣམས་ཀྱིས་ཀྱང་བསྒྲུབ་ནུས་པ་སྲོག་ཆགས་གླིང་ཀ་དག་ལ་སོང་ན་མངོན་སུམ་དུ་མཐོང་ནུས་པས་སོ།  །རང་གི་ཚེ་འདི་ཕྱི་ལྟ་བུའི་རྒྱང་རིང་གི་དོན་དང་།   རང་གཞན་ཀུན་ལ་ཕན་པ་ལྟ་བུའི་རྒྱ་ཆེ་བའི་དོན་དང་།   བསྐལ་བ་ཆགས་འཇིག་ལྟ་བུའི་འདས་མ་འོང་འབྱུང་འཇིག་གི་དོན་ལ་བསམ་བློ་གཏོང་བ་ནི་མིའི་རིགས་ཁོ་ན་ལ་ཡོད་པའི་ཁྱད་ཆོས་ཡིན་ནོ།།

    དེས་ན་དུད་འགྲོ་དང་ཁྱད་པར་འབྱེད་བྱེད་ཀྱི་བསམ་བློ་དེ་དག་དོར་ན་ནི་མི་གཤིས་དོར་ཟིན་པ་ཡིན་ཏེ།  འཇམ་མགོན་ས་པཎ་གྱིས།ཕན་དང་མི་ཕན་མི་དཔྱོད་ཅིང་། །བློ་དང་ཐོས་པ་མི་བསྒྲུབ་པར། །ལྟོ་འགྲེངས་འབའ་ཞིག་དོན་གཉེར་བ། །སྤུ་མེད་པ་ཡི་ཕག་པ་ཡིན། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར།དེས་ན་ང་ཚོ་ཚང་མས་ཐོག་མར་རང་ཉིད་མི་ཡིན་པ་བརྗེད་དུ་མི་འཇུག་པར་མི་གཤིས་ཡོད་པའི་མི་ཞིག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་ཞིང་སློབ་གསོའི་རྨང་གཞི་ཡིན་ནོ།།
གཉིས་པ།

     རང་ཉིད་བོད་མི་ཞིག་ཡིན་པ་བརྗེད་མི་རུང་།  ད་ལྟ་བོད་པ་མང་བོ་ཞིག་གིས་རང་ཉིད་བོད་རིགས་ཡིན་པ་རྩ་བ་ཉིད་ནས་བརྗེད་ཚར་འདུག   ཅིའི་ཕྱིར་ཞེ་ན།  ལྟོས་དང་།  མང་བོ་ཞིག་གི་ལུས་ན་བོད་ལྭ་མེད།  ཁ་ན་བོད་སྐད་མེད།  སེམས་ན་དད་པ་མེད།  མདོར་ན་ཁྱོད་བོད་ཡིན་པར་འཇོག་བྱེད་ཀྱི་ཁྱད་ཆོས་གང་ཡང་མི་རྙེད་པས་སོ།  །འདི་ནི་ད་སྔ་ཡན་ཆད་ལ་བོད་ཀྱི་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་གནས་ཚུལ་ཤིན་ཏུ་ཡིད་སྐྱོ་ཞིང་ཚབས་ཆེ་བ་ཞིག་རེད་སྙམ།   ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་བ་མཆོག་གིས།  ཁྱོད་ཀྱིས་བོད་སྐད་བཤད་མི་འདོད་ན་མ་བཤད་ཀྱང་ཆོག   བོད་ལྭ་གྱོན་མི་འདོད་ན་མ་གོན་ནའང་ཆོག་མོད།   འོན་ཀྱང་ཁྱོད་ཀྱི་ཤ་ཁྲག་རུས་པ་ཇི་ལྟར་བྱེད་རྒྱུ་ཡིན་ཞེས་གསུངས་པ་ནི་ཇི་འདྲའི་གོ་རྒྱུ་ཡོད་པ་ཞིག་རེད་ཨང་།
    ད་ལྟ་བོད་པ་ལ་ལ་ཞིག་གིས།   བོད་སྐད་ལས་མི་ཤེས་པའི་བོད་ཞིང་འབྲོག་མང་ཚོགས་ལ་རྒྱ་སྐད་བཤད་ནས་རྫིག་ཉམས་སྟོན་བཞིན་ཡོད་མོད།  འོན་ཀྱང་རྒྱ་སྐད་བཤད་པ་སྐབས་སུ་བབས་ན་ད་མ་དིག་ཙམ་ལས་རྒྱ་སྐད་མགོ་རྔ་ཚང་བ་ཞིག་ཀྱང་བཤད་མི་ཤེས།   རྒྱ་ཡིག་གི་ལམ་ནས་གཞུང་ཆེན་ལ་ལྟ་བའི་བློ་མིག་ནི་དེ་བས་ཀྱང་མེད་པས།    དེ་ནི་རང་གི་ནང་ཉམས་བསྟན་པ་ཙམ་ལས་གཟི་བརྗིད་ག་ལ་ཡོད།  དེས་ན་བོད་མི་རིགས་རང་ཉིད་ཐུན་མོང་མ་ཡིན་པར་མཚོན་བྱེད་དུ་གྱུར་བ།རང་གི་ཆོས་རིག་སྲིད་གསུམ་ཡོངས་སུ་དོར་ནས་བོད་པའི་ལ་རྒྱ་ཡོད་མདོག་བྱེད་པ་ནི།   གཡུལ་ཁྲོད་དུ་གཞན་དང་འཐབ་པ་ན་རལ་གྲི་དགྲ་ལ་ཤོར་ཏེ་ཤུབ་ཀྱི་སྟེང་ནས་དཔའ་སྐད་འདོན་པ་ལྟར་སོང་བས་སྙིང་བོ་ཅི་ཡང་མེད་དོ།།

    དེས་ན་ང་ཚོས་སེམས་གཏིང་ནས་རང་ཉིད་བོད་པ་ཡིན་པ་བརྗེད་མེད་པ་བདེན་ན།  བོད་ལྭ་མི་བདེ་བས་མ་གོན་ཟེར་ན་ཐང་།   བོད་ཟས་མི་འཕྲོད་པས་མ་ཟོས་ཟེར་ཡང་སྲིད་མོད།  འོན་ཀྱང་བོད་སྐད་ཅིའི་ཕྱིར་མི་བཤད།   བོད་ཡིག་ཅིའི་ཕྱིར་མི་སྦྱོང་།   གལ་ཏེ་བོད་ཡིག་ལ་བརྗོད་བྱ་སྟོན་པའི་ནུས་པ་དེ་ཙམ་མེད་ཟེར་ན།   བོད་པ་རང་གི་ཁ་དཔེ་ལ།   ཟས་ལྡད་ནས་མྱིད་དགོས།   ཚིག་བསམ་ནས་བཤད་དགོས་ཞེས་པ་ལྟར།   རང་ཉིད་བོད་ཡིག་གི་ཆུ་ཚད་ག་ཙམ་ཡོད་པ་ལ་བསམ་བློ་བཏང་ནས་སྐད་ཆ་བཤད་རོགས།   བོད་ཡིག་གིས་སྟོན་མི་ཐུབ་པའི་བརྗོད་བྱ་ཅི་ཞིག་ཡོད།    བོད་ཡིག་ལ་ཡོད་པའི་བཀའ་བསྟན་འགྱུར་གྱིས་མཚོན་ཆོས་རིག་སྲིད་གསུམ་མཚོན་པའི་གནའ་དཔེ་མང་བོ་བྲག་རི་བཞིན་བརྩིགས་འདུག་པ་འདི་ཅི་ཞིག་ཡིན།   གལ་ཏེ་འདི་དག་ཐམས་ཅད་རིན་ཐང་མེད་པའི་ཕྱགས་ལུད་ལྟ་བུ་ཡིན་ན།    རྒྱལ་ཁབ་གཞུང་གིས་དེ་འདྲའི་འགྲོ་སོང་མང་བོ་ཞིག་བཏང་ནས་ཆེད་དུ་ཞིབ་འཇུག་ཁང་མང་བོ་ཚུགས་ཏེ་དེ་དག་ལ་ཞིབ་འཇུག་བྱེད་དགོས་དོན་ཅི་ཞིག་ཡོད།   ཚན་རིག་དང་དཔལ་འབྱོར་སོགས་ཧ་ཅང་དར་བའི་ནུབ་ཕྱོགས་རྒྱལ་ཁབ་མང་བོས་ཀྱང་ཅིའི་ཕྱིར་བོད་རིག་པ་ལ་ཞིབ་འཇུག་བྱེད་དགོས་བྱུང་བ་ཡིན།
     ངས་བལྟས་ན་ང་ཚོ་ངོ་མ་གཉིད་ལས་སད་རན་རེད།   གལ་ཏེ་ད་དུང་ང་ཚོས་འདི་ལྟར་གཉིད་ལབ་བྱས་ན།  ང་ཚོའི་མི་རབས་རྗེས་མ་དག་གིས།   སྐྲ་སེར་པོ་དང་མིག་ལྗང་ཁུ་ཅན་གྱི་ནུབ་ཕྱོགས་པ་ཤ་སྟག་དགེ་རྒན་ལ་བསྟེན་ནས།   རང་གི་མེས་པོ་ཚོ་ཇི་ལྟར་བྱུང་བའི་ལོ་རྒྱུས་དང་།   ཨ་ཕས་བཀོལ་མྱོང་བའི་ཡིག་རིགས།   ཨ་མས་བཤད་མྱོང་བའི་སྐད་ཆ་སོགས་ཡོད་ཚད་གསར་དུ་བསླབ་དགོས་བྱུང་རྒྱུ་ཡིན་པ་ཁོ་ཐག་རེད།   གལ་ཏེ་དེ་ལྟར་བྱུང་ན་ང་ཚོས་ཡར་མེས་པོ་རྣམས་ཀྱི་གདོང་ལ་ཇི་ལྟར་བལྟ།   མར་གཞོན་རབས་དག་གི་ཚོགས་ལ་ཇི་ལྟར་བཤད།  བོད་རིགས་ཀྱི་ཞབས་འདྲེན།   ལོ་རྒྱུས་ཀྱི་ཉེས་ཅན་ཟེར་བ་དེ་ཡང་ང་ཚོའི་མི་རབས་འདི་ལས་སུ་ཞིག་ཡོད།   གཞན་ཡང་འདི་ལྟ་བུའི་ངོ་མཚར་རྨད་དུ་བྱུང་བའི་རིག་གཞུང་ཁྱད་པར་དུ་འཕགས་པ་ཞིག་བསམ་བཞིན་ཉམས་སུ་བཅུག་ན།   ང་ཚོ་བོད་མི་རིགས་རང་གི་གྱོང་གུན་རི་རབ་ལས་ལྕི་བ་ཞིག་ཡིན་པར་མ་ཟད།   རྒྱལ་ཁབ་འདིའི་ཡང་གྱོང་གུན་ཚབས་ཆེན་ཞིག་ཡིན་པར་གོར་མ་ཆག་ལ།   འཛམ་གླིང་ཤེས་རིག་གི་བང་མཛོད་ལས་ཀྱང་རིན་ཐང་གཞལ་དུ་མེད་པའི་རིག་གནས་རིན་པོ་ཆེ་ཞིག་བོར་སོང་བ་ཡིན་པས།   ང་ཚོ་སུ་ལའང་གྱོང་ལས་ཁེ་གཏན་ནས་མེད་པ་ཤེས་པར་བྱས་ཏེ།   མི་ཉམས་རྒྱུན་འཛིན་དང་།   གནས་པ་གོང་འཕེལ་བྱེད་པའི་ཐབས་ལ་འབད་པ་ཤིན་ཏུ་གལ་ཆེའོ།།
     ང་རང་ཀླུ་ཆུ་རྫོང་ལ་ཆ་རྒྱུས་ཆེན་པོ་མེད་མོད།   འོནཀྱང་ཕར་ལྟོས་ཚོད་ལ་འགོ་ཁྲིད་རྣམ་པས་མི་རིགས་སློབ་གསོའི་ཁ་ཕྱོགས་ལ་དོ་སྣང་ཡག་པོ་བྱེད་ཀི་ཡོད་པ་འདྲ་སྙམ་པ་འཆར།   གོ་ཐོས་ལྟར་ན་རྫོང་ལ་ལའི་འགོ་ཁྲིད་དང་ལས་བྱེད་པ་འགའ་ཞིག་གིས།   བོད་དང་བོད་ཀྱི་རིག་གནས་ལ་མཐོང་ཆུང་ཚད་མེད་བྱེད་བཞིན་ཡོད་ཟེར།   བོད་སྐད་ཀྱིས་གོ་མི་ཆོད་ཚུལ།བོད་ཡིག་གིས་ས་མི་ཆོད་རབས་སོགས་ཉོག་གཏམ་མང་བོ་ཞིག་བཤད་ནས་བོད་ཡིག་སྦྱོང་རྒྱུ་མཚམས་བཞག་སྟེ་རྒྱ་ཡིག་གཙོ་བོར་བྱས་ནས་སྦྱོང་དགོས་རབས་བཤད་ཟེར་བ་ཐོས།   བོད་ཡིག་ལ་དགེ་མཚན་ཡོད་མེད་བཤད་ན་བཤད་རྒྱུ་ཤིན་ཏུ་མང་ཡང་མི་དེ་ཚོ་བཤད་སའི་ཡུལ་མི་ཉན།   ཇི་སྐད་དུ་དཔལ་མགོན་འཕགས་མཆོག་ཀླུ་སྒྲུབ་ཀྱིས།  བོང་བུ་ཕྱུགས་ལ་མེ་ཏོག་འཕྲེང་བས་ཅི།།དུད་འགྲོ་ཕག་ལ་ཁ་ཟས་ཞིམ་པོས་ཅི།།ལོང་ལ་སྣང་དང་འོན་པ་དག་ལ་གླུ།།གླེན་པ་རྣམས་ལ་ཆོས་ཀྱིས་ཅི་ཞིག་བྱ།།ཞེས་གསུངས་པ་ལྟར་བླུན་པོ་ལ་གནས་ལུགས་བཤད་ཀྱང་ཅི་ཡང་མི་བརྩི།   འོན་ཀྱང་མི་དེ་རིགས་ལ་མཚོན་ནའང་གཏན་ནས་དོ་སྣང་མ་བྱས་ན་མི་འགྲིག་པ་ཞིག་ནི།   ཁོ་ཚོའི་བྱ་སྤྱོད་འདི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རང་སྐྱོང་སྲོལ་ཡིག་དང་དངོས་སུ་རྒྱབ་འགལ་དུ་སོང་ཡོད་དེ།  སྲོལ་ཡིག་དེའི་དོན་ཚན་བདུན་པར།   རང་སྐྱོང་ཁུལ་ནང་ལོགས་སུ།  རིགས་སོ་སོའི་མི་རིགས་ཚང་མ་འདྲ་མཉམ་ཡིན།   མི་རིགས་སུ་དང་གང་ལའང་མཐོང་ཆུང་དང་གཉའ་གནོན་བྱེད་པ་གཏན་འགོག་བྱེད་དགོས༼自治州内各民族一律平等。禁止对任何民族的歧视和压迫༽་ཞེས་པ་དང་།  ཡང་དེར། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས།མི་རིགས་སོ་སོའི་ཁྲིམས་མཐུན་གྱི་དབང་ཆ་དང་ཁེ་ཕན་ལ་འགན་སྲུང་བྱེད་དགོས་ཤིང་།   མི་རིགས་སོ་སོས་རང་རང་གི་སྐད་དང་ཡི་གེ་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་རང་དབང་ཡོད་པ་ལ་འགན་སྲུང་བྱེད་དགོས་༼自治州的自治机关保障各民族的合法权利和利益,保障各民族都有使用和发展自己的语言文字的自由༽ཞེས་ཤིན་ཏུ་གསལ་བར་གཏན་འཁེལ་བྱས་ཡོད་པ་འདི་ཅིའི་ཕྱིར་མི་བརྩི།   འདི་ནི་༡༩༨༩ལོའི་ཟླ་༨ཚེས་༧ཉིན།   ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་འདུའི་སྟེང་གྲོས་འཆམ་བྱུང་ཞིང་།   ༡༩༨༩ལོའི་ཟླ་༩ཚེས་༢༧ཉིན།   ཀན་སུའུ་ཞིང་ཆེན་སྐབས་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཐེངས་བཅུ་བའི་ཚོགས་འདུའི་སྟེང་ཆོག་མཆན་བཀོད།   ༢༠༠༨ལོའི་ཟླ་༡ཚེས་༡༥ཉིན།   ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཚོགས་འདུའི་སྟེང་བཟོ་བཅོས་བྱས།   ༢༠༡༠ལོའི་ཟླ་༣ཚེས་༣༡ཉིན།   ཀན་སུའུ་ཞིང་ཆེན་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཐེངས་བཅུ་བཞི་བའི་ཚོགས་འདུའི་སྟེང་ཆོག་མཆན་བཀོད།   ༢༠༡༠ལོའི་ཟླ་༤ཚེས་༡༦ཉིན།ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་གསལ་བསྒྲགས་བྱས་ཏེ།  ༢༠༡༠ལོའི་ཟླ༤ཚེས་༡༦ཉིན་ནས་བཟུང་ལག་བསྟར་བྱས་པ་ཡིན་པས་བརྒྱུད་རིམ་གལ་ཆེ་ཞིང་གསལ་བོ་ཡིན།   འདི་ལྟ་བུའི་བརྒྱུད་རིམ་གལ་ཆེན་མང་དུ་བརྒྱུད་ནས་འགོ་ཁྲིད་དང་མི་སྣ་གཙོ་གྲོས་ཚང་མ་ལྷན་ཅིག་ཏུ་བཀའ་བགྲོས་ནས་གཏན་ལ་ཕབ་ཟིན་པ་དེ།   མི་རེ་ཟུང་གིས་རང་སྣང་གང་ཤར་བཞིན་རྡོག་བརྫིས་བཏང་ན་ཇི་ལྟར་འགྲིགལས་བྱེད་པ་དེ་ཚོས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཏན་ནས་མ་ཤེས་པ་ཡིན་ནམ།  འོན་ཏེ་ཤེས་ཀྱང་བསམ་བཞིན་དུ་སྣང་མེད་བྱས་པ་ཡིན།   གལ་ཏེ་འདི་ནི་རང་ཁུལ་གྱིས་གཏན་ལ་ཕབ་པ་ཙམ་ཡིན་པས་བརྩི་དགོས་དོན་མེད་ཟེར་ན།   དེ་འདྲའི་ཚོགས་འདུ་གལ་ཆེན་མང་བོའི་བརྒྱུད་རིམ་རིན་ཐང་མེད་པར་བཏང་བ་མིན་ནམ།   ང་ཚོ་མཐོ་དམན་སུ་ཡིན་ཡང་དུས་རྒྱུན་དུ།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་ཁྲིམས་ལུགས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ཞེས་ཁ་ན་མ་ཎི་འདོན་འདོན་བྱེད་བཞིན་ཡོད་པ་མིན་ནམ།   ལྷག་པར་དུ་ད་སྐབས་ཀྱི་གཙོ་འཛིན་ཞི་ཅིན་ཕེན་གྱིས།   རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བ་གལ་ཆེ་ཚུལ་ཤུགས་ཀྱིས་བཤད་ཀྱིན་ཡོད་པ་ཚང་མས་གོ་རྒྱུ་རེད་མོད།   ཁྲིམས་ཀྱིས་སྐྱོང་དགོས་ཞེས་པའི་དོན་ཡང་།   མཐོ་བ་འགོ་ཁྲིད་དང་དམའ་བ་འབངས་མི་སུ་ཡིན་རུང་ཁྲིམས་དང་འགལ་མི་རུང་བ་འདྲ་འདྲ་ཡིན་པར་བཤད་པ་རེད།   དེས་ན་ཁྱོད་འགོ་ཁྲིད་ཡིན་རུང་ཁྲིམས་ལུགས་ཀྱིས་ཇི་ལྟར་གཏན་འཁེལ་བྱས་པ་ལྟར་བྱ་བ་བསྒྲུབ་རྒྱུ་ལས་རང་སྣང་གང་དྲན་གཏན་ནས་བྱེད་མི་ཆོག་པར་ཐག་བཅད་པ་རེད།   ང་ཚོ་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་པའི་ཆ་ནས་དེའི་ཁྲིམས་གང་ཡོད་བརྩི་དགོས་པ་ཡིན།   དེས་ན་རྒྱལ་ཁབ་ཀྱིས་ཀྱང་གནས་ཚུལ་གྱི་བབ་དང་བསྟུན་ནས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞེས་ཐག་བཅད་ཡོད།   མི་རིགས་རང་སྐྱོང་ས་ཁུལ་ཡིན་ཕྱིན།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་ས་ཁུངས་རང་སྐྱོང་གི་བཅའ་ཁྲིམས་སུ་གཏན་འཁེལ་བྱས་པ་ལྟར་གྱི་ཁེ་དབང་ལོངས་སུ་སྤྱོད་པའི་དབང་ཆ་ཡོད།དེས་ན་ཀན་ལྷོ་ཁུལ་གྱིས་ཀྱང་རང་གི་གནས་བབ་དང་སྒོ་བསྟུན།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་༼中华人民共和国宪法༽དང་།   ཀྲུང་ཧྭ་མིདམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་ས་ཁུངས་རང་སྐྱོང་བཅའ་ ཁྲིམས་༼中华人民共和国民族区域自治法༽གཉིས་གཞིར་བཞག་ནས་གོང་གི་སྲོལ་ཡིག་དེ་གཏན་ལ་ཕབ་པ་རེད།  དེའི་ཕྱིར་འདི་མ་བརྩིས་ན་དོན་གྱིས་ཁྲིམས་དེ་གཉིས་ཀྱང་སྣང་མེད་བྱས་པ་ཡིན་ཚུལ་ཤེས་དགོས།   ད་དུང་འདིའི་སྐོར་ལ་བཤད་རྒྱུ་མང་ཡང་དུས་ཚོད་འགོར་འགྲོ་བས་རེ་ཞིག་དེ་ཙམ་བྱ།

གསུམ་པ།

     སློབ་གསོའི་དམིགས་ཡུལ་ཇི་ཞིག་ཡིན་པ་གསལ་བར་ཤེས་དགོས།   ད་སྐབས་མཁས་པ་ཚོས་སློབ་གསོ་ལ་ནང་གསེས་ཀྱི་སློབ་གྲྭའི་སློབ་གསོ།  སྤྱི་ཚོགས་སློབ་གསོ།  ཁྱིམ་ཚང་གི་སློབ་གསོ།   དགོན་སྡེའི་སློབ་གསོ་སོགས་དབྱེ་བ་མང་བོ་ཞིག་བཀར་ནས་བཤད་ཀི་ཡོད་ལ།  དེ་ལྟར་བཀར་ནས་དབྱེ་ཞིབ་བྱས་ན་དགེ་མཚན་རེ་ཡོད་པའང་སྨོས་མ་དགོས་མོད།  འོན་ཀྱང་ངས་དེ་རིང་རྣམ་པ་ཚོར་སློབ་གསོའི་དབྱེ་བ་ཇི་ལྟར་དབྱེ་ཚུལ་སྐོར་བཤད་རྒྱུ་མིན།  དེའི་རྒྱུ་མཚན་ཡང་ངས་བལྟས་ན་ང་ཚོ་ད་ལྟའི་བོད་ཀྱི་མི་རབས་འདིར་དེ་ལས་ཀྱང་ཤིན་ཏུ་གལ་ཆེ་བ་ནི་སློབ་གསོའི་དམིགས་ཡུལ་གསལ་བོ་ཞིག་ཤེས་པར་བྱེད་རྒྱུ་དེ་རེད་སྙམ།   འོ་ན་སློབ་གསོའི་དམིགས་ཡུལ་ནི་ཅི་ཞིག་ཡིན།  ཅི་ཞིག་གི་སླད་དུ་སློབ་གསོའི་བྱ་གཞག་འདི་གཙིགས་སུ་འཛིན་དགོས་པ་ཡིན་ཞེ་ན།  དེ་ལ་བཤད་རྒྱུ་ཤིན་ཏུ་མང་ཡང་མདོར་དྲིལ་ན་ཡང་དག་པའི་སློབ་གསོ་ནི།   སྐྱོན་འགྲིབ་བྱེད་དང་ཡོན་ཏན་སྒྲུབ་བྱེད་ཡིན།   དེས་ན་རང་གི་ནད་ལྟ་བུའི་སྐྱོན་ཇེ་ཉུང་དང་ནད་དང་བྲལ་བའི་བདེ་བ་ལྟ་བུའི་ཡོན་ཏན་ཇེ་མང་ལ་གཏོང་བའི་ཕྱིར་དུ་སློབ་གསོ་ལ་ཞུགས་དགོས་པ་ཡིན།   དེ་ཡང་ལྷོ་བརྒྱུད་གནས་བརྟན་སྡེ་བར་དར་བའི་སངས་རྒྱས་པའི་ཆོས་གཞུང་རྒྱ་ཡིག་ཏུ་བསྒྱུར་བ་ཞིག་ལས།   དགེ་སློང་དག་ནད་ནི་གཉིས་སོ།  །གཉིས་པོ་གང་ཞེ་ན།  ཤའི་ཕུང་བོའི་ནད་དང་ཤེས་རིག་སེམས་ཀྱི་ནད་དེ།   འགའ་ཞིག་ནི་ལོ་གཅིག་གམ་གཉིས་སམ།   ཐ་ན་ལོ་བརྒྱའམ་བརྒྱ་ལྷག་གི་ཡུན་དུའང་ལུས་ལ་ནད་མི་འབྱུང་བ་ཡང་སྲིད་མོད།   འོན་ཀྱང་དགེ་སློང་དག་འཇིག་རྟེན་ན་སེམས་ལ་སྒྲིབ་པ་མེད་པ་ལས་གཞན་སེམས་ཀྱི་ཆ་ལ་ཡུད་ཙམ་དུའང་ནད་མི་འབྱུང་བ་དེ་ལྟ་བུ་ནི།ཤིན་ཏུ་དཀོན་ཞིང་དཀའ་བ་ཡིན་ནོ།།༼佛说:"比丘们!病有两种。哪两种呢?肉体的病和心智的病,有人可以一年、两年、甚至一百年、一百多年肉体都不生病。但是,比丘们呀!世间除了心无染着的人,心智方面能有片刻不生病的人,都是稀有难得啊!"༽ཞེས་གསུངས་པ་འདིས་སེམས་ཀྱི་སློབ་གསོའི་གནད་ཅིག་བསྟན་སོང་སྙམ་པ་འཆར།   དེས་ན་འདོད་ཆགས།  ཞེ་སྡང་།  གཏི་མུག  ང་རྒྱལ།  ཕྲག་དོག  འགྲན་སེམས།   སྒྱིད་ལུག་སོགས་ཆེས་ཤིན་ཏུ་རྒོད་ཅིང་།   ཆེས་མ་ཞི་ཞིང་མ་དག་པའི་སེམས་ཀྱི་ནད་དྲག་པོས་ཟིན་པ་ན།  ཡང་དག་པའི་སློབ་གསོའི་སྨན་ལེགས་པར་བསྟེན་ནས་འདོད་པ་ཆུང་ཞིང་ཆོག་ཤེས་པ།  བྱམས་དང་སྙིང་རྗེས་ཕྱུག་པ།  ཚུལ་དང་ཚུལ་མིན་འབྱེད་པའི་ཤེས་རབ་མངའ་བ།  ཡིད་གཞུངས་ཤིང་བློ་ཁོག་ཡངས་པ།   དོན་གཉེར་དང་བརྩོན་འགྲུས་ལྡན་པའི་མི་ཞིག་ཏུ་འགྱུར་བར་བྱེད་པའམ།   སྔར་རྨང་གཞི་ཡོད་ན་དེ་ལས་ཀྱང་ལྷག་པར་ཇེ་བཟང་དང་ཇེ་ལེགས་སུ་གཏོང་བ་ནི།   ཡང་དག་པའི་སློབ་གསོའི་དམིགས་ཡུལ་དུ་འཛིན་པར་རིགས་སོ་སྙམ།  །དེས་ན་ད་བར་དུ་ང་ཚོས་ཤེས་བྱའི་རྣམ་གྲངས་གསོག་ཅི་ཐུབ་དང་ལས་ཀའི་ལག་རྩལ་ཐོབ་ཅི་ཐུབ་ཀྱི་ཐབས་ཙམ་སློབ་གསོའི་སྙིང་བོར་བཟུང་བ་ནི་ཆེས་ཤིན་ཏུ་ཡིད་སྐྱོ་བའི་གནས་ཤིག་སྟེ།  ད་ལྟའི་སྤྱི་ཚོགས་འདི་འདི་ལྟ་བུའི་བདེ་འཇགས་མེད་པ།  འཇིགས་སུ་རུང་བ།  ངོ་ཚ་དང་ཁྲེལ་མེད་པ།   བརྩེ་སེམས་དང་དུང་ཞེན་ཆུང་བ་ཞིག་ཏུ་གྱུར་ཡོད་པ་འདིའང་མཐར་གཏུགས་ན་སློབ་གསོ་དང་འབྲེལ་བ་དམ་པོ་ཡོད་པ་ཡང་སུ་ལ་གསང་།   དེའི་དབང་གིས་ཁ་ཟས་རྫས་ཀྱིས་བསླད་པ།   མཁའ་དབུགས་དུག་གིས་སྦགས་པ།  ཆུ་ཀླུང་དྲི་མས་གོས་པ་སོགས་རིམ་པར་བྱུང་ཞིང་།  ཆར་ཆུ་དུས་སུ་མི་འབབ་པ།   ལོ་ཕྱུགས་རྟག་ཏུ་མི་ལེགས་པ་འདི་ཡང་དེ་ལས་བྱུང་བར་མ་ཟད།  གསོ་དཀའ་ཞིང་འཇིགས་སུ་རུང་བའི་ནད་རྣམ་པ་དུ་མས་ཡོངས་སུ་གཙེ་བ་འདིའང་མཐར་གཏུགས་ན་སློབ་གསོ་མ་དག་པ་ཡུན་རིང་བོའི་བར་རྒྱུན་འཁྱོངས་བྱས་པ་ལ་རག་ལས་པ་གསལ་བོ་མིན་ནམ།
ངས་མཚམས་འདི་ནས་དགེ་རྒན་ཆེན་མོ་ཡིས་ཀྲུང་ཐེན་༼易中天༽གྱིས་བཤད་པའི་སྐད་ཆ་ཞིག་དྲན་བྱུང་།   ཁོ་ནི་ཞ་མིན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་།   ཀྲུང་དབྱང་བརྙན་འཕྲིན་ཁང་གི་མཁས་བརྒྱའི་འཆད་སྟེགས་ན་མིང་གྲགས་ཆེ་བ་ཞིག་རེད།  ཁོས་ཀྲུང་གོའི་སློབ་གསོ་ལ་རེ་བ་འདི་ལྟར་བཏོན་ཡོད་དེ།༼我希望中国教育能让我们每个孩子,中国改革、中国社会能够让我们每个中国公民都成为真正真实的人,善良的人,健康的人,快乐的人,这就是我的中国梦。༽ཀྲུང་གོའི་སློབ་གསོས་ང་ཚོའི་བྱིས་པ་རེ་རེའམ།   ཀྲུང་གོའི་བཅོས་བསྒྱུར་དང་ཀྲུང་གོའི་སྤྱི་ཚོགས་ཀྱིས་རང་ཅག་ཀྲུང་གོའི་སྤྱི་དམངས་རེ་རེ་བཞིན་དོན་དངོས་ནས་མི་རྣལ་མ།  མི་གཤིས་ལེགས།  མི་བདེ་ཐང་ཅན།   མི་སྤྲོ་སྣང་ཡོད་པ་ཞིག་ཏུ་འགྱུར་བར་བྱེད་རྒྱུ་ནི་ངའི་རེ་བ་ཡིན་ལ།   འདི་ནི་ངའི་ཀྲུང་གོའི་རྨི་ལམ་ཡིན་ཞེས་བཤད་ཡོད།
    དེ་ཡང་ཁོ་རང་གི་འགྲེལ་བཤད་ལྟར་ན་མི་རྣལ་མ་ཞེས་པ་ནི།   བརྫུན་མི་བཤད་པ་ལ་བྱེད་པར་མངོན་ལ།   དེ་ནི་རང་ཅག་གི་སྲོལ་རྒྱུན་རིག་གནས་སུ་བརྫུན་ཕྲ་མ་ཚིག་རྩུབ་ངག་ཀྱལ་བཞི་སུ་ཡིན་ཡང་སྤོང་དགོས་པར་བཤད་པའི་ཕྱོགས་སུ་འགྲོ་ཙམ་ཡིན།   གཉིས་པ་མི་གཤིས་བཟང་ཅན་ཞེས་པ་ནི།   མདོར་དྲིལ་ན་བརྩེ་སེམས་ཡོད་པ་ལ་གོ་དགོས་པར་བཤད་ཅིང་།  དེ་ཡང་ཉེས་མེད་རྣམས་སྡུག་བསྔལ་བ་ལ་མི་བཟོད་པའི་སེམས་ཡོད་པ་ལ་གོ་དགོས་པར་བཤད།  དེ་ཡོད་ན་མིའི་རིགས་གསོད་གཅོད་སོགས་མི་བྱེད་པར་མ་ཟད།  ཉམ་ཆུང་གི་སྲོག་ཆགས་གཞན་རྣམས་ཀྱང་གསོད་པའམ་མནར་གཅོད་མི་གཏོང་བ་ལ་ཕན་པ་ཡོད་པར་བཤད།  བོད་རང་གི་སྲོལ་རྒྱུན་རིག་གནས་སུ།   དེ་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པའི་བསམ་བློ་རྒྱ་ཆེ་བ་མང་བོ་གསུངས་ཡོད་པ་ལས་མཚན་གཞི་ཙམ་བཀོད་ན།  སྐྱབས་འགྲོའི་བསླབ་བྱ་ལ་བསྡུ་བ་ལས་བྱུང་བ་དང་མན་ངག་ལས་བྱུང་བ་གཉིས།  གཉིས་པ་མན་ངག་ལས་བྱུང་བ་ལ།  སོ་སོ་དང་ཐུན་མོང་གི་བསླབ་བྱ་གཉིས།  དང་བོ་སོ་སོའི་བསླབ་བྱ་ལ། དགག་པའི་བསླབ་བྱ་དང་བསྒྲུབ་པའི་བསླབ་བྱ་གཉིས།   དང་བོ་དགག་པའི་བསླབ་བྱ་ལ་གསུམ་ཡོད་པ་ལས་གཉིས་པ་ནི།   མི་དང་དུད་འགྲོ་ལ་སོགས་པ་ལ་རྡེག་པ་དང་འཆིང་བ་དང་གོ་རར་གཞུག་པ་དང་།   སྣ་འབུགས་པ་དང་མི་ཐེག་བཞིན་དུ་འགེལ་བ་ལ་སོགས་བསམ་པ་དང་སྦྱོར་བས་སེམས་ཅན་ལ་གནོད་པ་དང་འཚེ་བ་སྤོང་བའོ།  །ཞེས་པ་ལྟ་བུ་ཡ་མཚན་པ་མང་བོ་ཡོད་ཀྱང་དུས་ཚོད་འགོར་འགྲོ་བས་རེ་ཞིག་མི་བཤད་དོ།།
     དེས་ན་རང་ཅག་སུ་ཡིན་ཡང་གཏམ་གང་སྙན་རེ་དང་གནས་ལུགས་གང་ཟབ་རེ་ཁ་ནས་སྒྲོག་ཅི་ཐུབ་ཙམ་ལ་འབད་ན་ནི་དོན་ཆེན་པོ་མི་འགྲུབ་པས།དེ་དག་ལག་ལེན་དུ་བསྟར་ཅི་ཐུབ་ལ་འབད་རྒྱུ་ནི་དོན་གྱི་སྙིང་བོ་ཡིན་ནོ།།
དེ་ཡང་དུས་རབས་བཅུ་དྲུག་པའི་དབྱིན་ཇིའི་རིག་རྩལ་བསྐྱར་དར་སྐབས་ཀྱི་ཕུལ་དུ་བྱུང་བའི་མཚན་ཉིད་པ།བསམ་བློ་བ། རྩོམ་རིག་པ་དང་ཚན་རིག་པར་བསྔགས་པའི་ཕེ་ཀིན༼培根༽གྱིས།༼人们的思想大多取决于自己的愿望,他们的言论取决于自己的学识和接受的见解,然而他们的行为依照的则是他们的习惯。༽མི་རྣམས་ཀྱི་བསམ་བློ་ནི་ཕལ་ཆེར་རང་གི་རེ་སྨོན་ལ་རག་ལས་ཤིང་།  ཁོ་ཚོའི་གཏམ་བརྗོད་ནི་རང་གི་ཤེས་ཡོན་དང་ཆགས་ཟིན་པའི་ལྟ་བ་ལ་རག་ལས་མོད།  འོན་ཀྱང་དེ་དག་གི་ཀུན་སྤྱོད་ནི་ཁོ་ཚོའི་གོམས་གཤིས་ལ་བརྟེན་པ་ཉིད་དོ།  །ཞེས་བཤད་པ་ལྟར་ཁྱོད་ཉིད་སྦྱངས་སྟོབས་ཀྱིས་ཤེས་བྱའི་རྣམ་གྲངས་མང་བོ་ཤེས་པའི་ཡོན་ཏན་ཅི་ཙམ་རྒྱ་ཆེ་ཡང་རུང་།  ཁ་ལྕེ་བདེ་བས་གཏམ་བཤད་སྙན་པོ་ཅི་ཙམ་བཤད་མཁས་ཀྱང་ཆོག   གལ་ཏེ་རང་གི་ཀུན་སྤྱོད་དང་ལག་ལེན་ལ་ཅི་ཡང་མེད་ན་སློབ་གསོ་བ་ཞེས་པའི་མཚན་བྱང་རྫིག་པོའི་ཐོབ་ཐང་དེ་འབུལ་བ་དཀའ་བར་སེམས་སོ།  །དེས་ན་ཐོག་མ་ཉིད་ནས་གོམས་གཤིས་ལེགས་པོ་ཞིག་ཆགས་པར་བྱེད་རྒྱུ་ནི་གང་ལས་ཀྱང་གལ་ཆེ་སྟེ།   གལ་ཏེ་གོམས་གཤིས་ངན་པ་ཞིག་གཏན་འཇགས་སུ་སོང་ན་གཏན་ནས་བསྒྱུར་མི་ཐུབ་པ་མིན་ཡང་།  ཤིན་ཏུ་བསྒྱུར་དཀའ་བ་ནི་མངོན་སུམ་ཡིན་ལ།   ཆུང་ངུ་ནས་གོམས་གཤིས་སུ་གྲུབ་ཟིན་པའི་སློབ་གསོ་ནི་ཆེས་ཕུལ་དུ་བྱུང་བའང་མངོན་སུམ་ཡིན་པའི་ཕྱིར།  པེ་ཀིན་གྱིས།༼毫无疑问,从幼年开始的好习惯是最完美的,我们把它叫做"教育",因为教育其实就是一种早年开始的习惯༽བྱིས་པའི་དུས་ནས་བཟུང་རིམ་གྱིས་བྱུང་བའི་གོམས་གཤིས་བཟང་བོ་ནི་ཕུན་སུམ་ཚོགས་པ་ཞིག་ཡིན་པ་ནི་དོགས་པ་ཅུང་ཟད་ཀྱང་མེད་ལ།  ང་ཚོས་དེ་ལ་སློབ་གསོ་ཞེས་མིང་བཏགས་པ་ཡིན་ཏེ།  དོན་དངོས་སུ་སློབ་གསོ་ཞེས་པ་ཆུང་དུས་ནས་འགོ་བཙུགས་པའི་གོམས་གཤིས་ཤིག་ཡིན་པས་སོ།  །ཞེས་བཤད་པའང་མདོར་བསྡུས་ན་མི་སུ་ཡིན་རུང་གོམས་གཤིས་དབང་བཙན་པས།   སློབ་གསོ་ཡང་དག་པ་ཞིག་གིས་གོམས་གཤིས་བཟང་བོ་ཞིག་ཆགས་སུ་འཇུག་རྒྱུ་ཤིན་ཏུ་གལ་ཆེ་བར་བཤད་པ་ཡིན་ལ་དེ་ནི་ཤིན་ཏུ་མད་དོ།།
      དེས་ན་སློབ་གསོའི་དམིགས་ཡུལ་ནི།   བསམ་བློ་ཀུན་སྤྱོད་བཟང་ཞིང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ནུས་པའི་མི་ཡ་རབས་མང་བོ་བསྐྱེད་སྲིང་བྱས་ཏེ།   ཞི་བདེ་དང་འཆམ་མཐུན་ཅན་གྱི་སྤྱི་ཚོགས་ཤིག་འཛུགས་བསྐྲུན་བྱེད་རྒྱུ་དེ་ཡིན།   དེས་ན་སློབ་གསོའི་ནང་དོན་ནོར་མི་རུང་བ་ནི་རྩ་བ་ཡིན་ལ།   མ་ནོར་བའི་སློབ་གསོ་དེ་ལག་ལེན་ལ་བསྟར་བའང་ཤིན་ཏུ་ནས་ཀྱང་གལ་ཆེ་སྟེ།   ལག་ལེན་མེད་པའི་སློབ་གསོའི་གཞུང་ལུགས་རྐྱང་རྐྱང་བཤད་པས་གར་ཡང་མི་ཕྱིན་པའི་ཕྱིར་ཏེ།   ལྷག་བསམ་བསྐུལ་བ་ལས།  བུ་རམ་ཤིང་ཤུན་སྙིང་བོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པས་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་ནུས་པ་མ་ཡིན་ནོ། །ཇི་ལྟར་ཤུན་པ་ཇི་བཞིན་སྨྲ་བ་སྟེ། །རོ་ལྟ་བུར་ནི་འདི་ལ་དོན་སེམས་ཡིན། །དེ་ལྟ་བས་ན་སྨྲ་ལ་དགའ་སྤངས་ཏེ། །རྟག་ཏུ་བག་ཡོད་བྱོས་ལ་དོན་སོམས་ཤིག །ཞེས་གསུངས་པ་སོགས་ཀྱི་བསྟན་དོན་ལྟར་སྨྲ་བ་ཙམ་སྙིང་བོར་རློམ་པའི་ངན་གཤིས་དོར་ནས་དོན་ལ་བསམ་གཞིགས་གཏོང་རྒྱུ་གོམས་སུ་ཆུག  དེ་ནས་བསམ་ཞིང་དཔྱད་དེ་ཤེས་པའི་གཞུང་དོན་དེ་ཉིད་ལག་ལེན་བྱེད་པ་ལ་ནི་སློབ་གསོ་མྱོང་ཞེས་ཟེར་དགོས་ཏེ། མཉམ་མེད་ཙོང་ཁ་བ་ཆེན་པོས།  དེ་ཡང་བྱེད་པ་ལ་ཤེས་དགོས་ཤིང་།  དེ་ལ་ཐོས་དགོས་པ་དང་ཐོས་ནས་ཤེས་པར་བྱས་པའི་དགོས་པའང་བྱེད་པ་ཡིན་པས།   ཐོས་པའི་དོན་ལ་ནུས་པ་དང་བསྟུན་པའི་ལག་ལེན་རེ་གནད་དུ་ཆེའོ། །ཞེས་གསུངས་པ་ནི་སློབ་གསོ་བྱེད་ཡུལ་དང་བྱེད་མཁན་གཉིས་ཀ་ལ་སྦྱར་རྒྱུ་ཡོད་དོ།།

བཞི་བ།

      དགེ་སློབ་བར་གྱི་འབྲེལ་བ་ཇི་ལྟར་བྱེད་པ་ནི་སློབ་གསོ་བཟང་བོ་ཞིག་ཡོང་མི་ཡོང་གི་གནད་འགག་ཅིག་ཡིན།  ད་ལྟ་སློབ་གྲྭ་མང་བོ་ཞིག་གི་རྩིག་ངོས་ལ། ལོ་བརྒྱ་ཡི་ཇུས་ཆེན། །སློབ་གསོ་ནི་རྩ་བ། །ཞེས་བྲིས་ཡོད་པ་མང་དུ་མཐོང་མོད།  འོན་ཀྱང་།  སློབ་གསོ་ཡི་ཇུས་ཆེན། །དགེ་རྒན་ནི་རྩ་བ། །ཞེས་བྲིས་པ་གཏན་ནས་མཐོང་མ་མྱོང་།  ང་ཚོས་ཞིབ་ཏུ་བསམ་བློ་བཏང་ན།  མིའི་རིགས་ཀྱི་ཤེས་རིག་རིན་པོ་ཆེ་འདི་ཉིད་འདི་ལྟར་ལོ་ངོ་ཁྲི་སྟོང་གི་ཡུན་ལ་མ་ཉམས་པར་བརྒྱུད་དེ་འོངས་ཐུབ་པ་ལ།   སྤྱིར་རྒྱུ་རྐྱེན་མང་བོ་ཞིག་འཛོམས་དགོས་པ་ནི་སྨོས་མ་དགོས་མོད།    འོན་ཀྱང་དགེ་རྒན་གྱི་བྱས་རྗེས་ནི་སུས་ཀྱང་བསུབ་མི་བཏུབ་པ་ཞིག་གོ  །ང་ཚོས་དུས་རྒྱུན་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་ནས་བཟུང་།  རང་རྒྱལ་གྱི་སློབ་གསོའི་བྱ་གཞག་ལ་གྲུབ་འབྲས་ཆེན་པོ་ཐོབ་ཅིང་།   དེ་ལྟར་སློབ་གསོ་འཕེལ་རྒྱས་བྱུང་བ་ལ་བརྟེན་ནས།    ཀྲུང་གོའི་རྒྱལ་ཁབ་འདི་མི་ཤུགས་ཐོན་ཁུངས་ཅན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ནས་མི་ཤུགས་ཐོན་ཁུངས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་གོམ་པ་སྤོས་པར་བཤད་ཀྱིན་ཡོད།   དེས་ན་ད་ལྟའི་དུས་འདི་ཀྲུང་གོའི་སློབ་གསོའི་འཕེལ་རིམ་ལ་མཚོན་ན་དཀྱོགས་མཚམས་གལ་ཆེན་ཞིག་ལ་གནས་ཡོད།   འདི་ནི་གྲངས་འབོར་གྱི་འཕེལ་རྒྱས་ནས་སྤུས་ཚད་མཐོར་འདེགས་ཀྱི་འཕེལ་རྒྱས་སུ་འགྱུར་བའི་དཀྱོགས་མཚམས་ཤིག་རེད་ཅེས་བཤད་ཀྱིན་ཡོད།  འདི་ལྟ་བུའི་སློབ་གསོའི་འཕེལ་འགྱུར་འདིས།   རང་ཤུགས་ཀྱིས་དགེ་རྒན་རྣམས་ཀྱི་སྤུས་ཚད་ཀྱང་མི་བཤད་ཀ་མེད་དུ་གྱུར་ཡོད་དོ།།   བར་འདི་ནས་ངས་བོད་རང་གི་སྲོལ་རྒྱུན་རིག་གནས་དང་བསྟུན་ནས་དགེ་རྒན་ཞེས་པ་དེ་ཇི་འདྲ་ཞིག་ཡིན་དགོས་ཚུལ་མདོར་བསྡུས་ཤིག་བཤད་རྒྱུ་ཡིན།   འོ་ན་བོད་རང་གི་སྲོལ་རྒྱུན་རིག་གནས་དང་བསྟུན་ན་དགེ་རྒན་ལ་མཚན་ཉིད་ཇི་འདྲ་ཞིག་ཚང་དགོས་ཞེ་ན།  མདོ་སྡེ་རྒྱན་ལས།  བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །ཞེས་མཚན་ཉིད་བཅུ་ལྡན་གྱི་དགེ་རྒན་ནི་ཐེག་པ་ཆེན་པོའི་ལམ་ཡོངས་སུ་རྫོགས་པ་སྟོན་མཁན་གྱི་དགེ་རྒན་ཁོ་ན་ལ་ཡོད་པ་ཞིག་ཡིན་པས།  ད་ལྟ་སྙིགས་མ་ལྔ་བདོའི་དུས་འདིར་ཤིན་ཏུ་རྙེད་དཀའ་མོད།   འོན་ཀྱང་གཞན་འདུལ་བའི་དགེ་རྒན་ཞིག་གི་མཚན་བྱང་དེ་ཁུར་བ་ནས་བཟུང་།    འདིར་བསྟན་པའི་མཚན་ཉིད་ལས་དུལ་བ་ཞེས་པ་དང་རྗེས་སུ་མཐུན་པའི་རང་སེམས་ལ་བདག་དམ་ཅུང་ཟད་རེ་བྱེད་ནུས་པ།  སློབ་མ་ལས་ཡོན་ཏན་ལྷག་པ།   སློབ་ཁྲིད་བྱེད་པ་ལ་སྤྲོ་བའི་བརྩོན་སེམས་ཡོད་པ།   མ་མཐའ་ཡང་རང་གི་ཁྲིད་བྱའི་གཞུང་ཙམ་ལ་ངེས་ཆ་ཡོད་པ།   བརྗོད་དོན་སློབ་མ་ལ་གོ་བརྡ་སྤྲོད་ནུས་པའི་སྨྲ་མཁས་པ།   སློབ་མ་ལ་ཕན་ཐོགས་ན་སྙམ་པའི་བརྩེ་སེམས་ཡོད་པ།   སློབ་མ་དབང་བོ་རྣོ་རྟུལ་སྣ་ཚོགས་པ་ཡོད་པས་ལན་རེ་གཉིས་རེ་བཤད་པས་མ་གོ་ན་སུན་སྣང་མེད་པར་ཡང་ཡང་འཆད་པས་མི་ངལ་བའམ་མི་སྐྱོ་བ་རྣམས་ནི་ངེས་པར་ཚང་དགོས་པ་ཞིག་ཡིན་ནོ།།
     ཡང་ན་འཇམ་མགོན་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་གྱིས།   གཙང་མཁས་གཞན་ལ་ཕན་པར་འདོད།   ། ཅེས་གསུངས་པ་ལྟར་ཚུལ་ཁྲིམས་དག་པའི་ལུས་ངག་གཙང་བ།   ཤེས་རབ་དག་པས་ལུང་རིགས་ལ་མཁས་པ།   ལྷག་བསམ་དག་པས་གཞན་ལ་ཕན་པར་འདོད་པ་གསུམ་དགེ་རྒན་གྱི་མཚན་ཉིད་དུ་བཞག་ཀྱང་ཆོག་གོ   །ལ་ལས་ཁྱིམ་པ་ལ་ཚུལ་ཁྲིམས་དག་པས་ལུས་ངག་གཙང་ཞེས་པ་སྦྱོར་ཚུལ་མེད་སྙམ་སྲིད་མོད།   སྐྱོན་མེད་དེ།   དེའི་དོན་སྐྱ་སེར་གྱི་དགེ་རྒན་སུ་ཡིན་རུང་རང་གིས་ངེས་པར་བརྩི་དགོས་པའི་བསྲུང་བྱ་རྣམས་ཅི་ནུས་སུ་སྲུང་བ་ལ་གོ་ཆོག་གོ།
     དེས་ན་དགེ་རྒན་རང་ལ་དེ་ལྟ་བུའི་མཚན་ཉིད་ཚང་ན། གཞན་གྱིས་བཀུར་ཆོག་ཆོག་ཡིན་ཞིང་བཀུར་བར་ཡང་འགྱུར་གྱི།རང་ལ་ཡོན་ཏན་གང་ཡང་མེད་ཀྱང་ང་རྒྱལ་གྱི་ལྒང་བུར་གྱུར།   ཕན་སེམས་ཀྱི་དྲི་ཙམ་ཡང་མི་བྲོ་བར་མ་ཟད།   འགན་འཁུར་ཞིག་འཁུར་དགོས་སྙམ་པའི་བསམ་བློ་ཙམ་ཡང་མེད་པར་དགེ་རྒན་གྱི་ཐོབ་ཐང་བེད་སྤྱད་དེ།   སློབ་མ་ལ་ཆགས་སྡང་བྱེད་པ་ནི།  ཆེས་ཤིན་ཏུ་ཐ་ཤལ་བ་ཡིན་ནོ།  །གོ་ཐོས་ལྟར་ན་སྤྱི་ཚོགས་ཀྱི་སློབ་གྲྭ་ཆེ་འབྲིང་ལ་ལའི་དགེ་རྒན་འགའ་ཞིག་གིས།   ངོ་ཚ་དང་ཁྲེལ་ཞེས་པ་དེ་ཡོངས་སུ་དོར་ནས་སློབ་མ་ལ་འཛེམ་མེད་དུ།   ཁྱོད་ཀྱིས་ང་ལ་ཆང་འཐུང་རོགས་བྱོས།  ཤོ་རྒྱག་རོགས་བྱོས།   གལ་ཏེ་ང་དགའ་བར་མི་བྱེད་ན་ངས་ཁྱོད་ལ་རྒྱུགས་འཕྲོད་དུ་མི་འཇུག་ཟེར་མཁན་ཡང་ཡོད་པར་བཤད།  འདི་ནི་དངོས་གནས་སེམས་སྐྱོ་ཞིང་སྐྱི་གཡའ་བའི་གནས་ཤིག་རེད།   འདི་ལྟ་བུའི་དགེ་རྒན་ཞིག་སུས་བཀུར་བར་འདོད། འདི་ལྟར་གྱུར་ན།   དགེ་རྒན་གྱི་ལས་རིགས་ནི་ཉི་མའི་འོག་ནས་ཆེས་རླབས་ཆེ་བའི་ལས་རིགས་ཡིན་ཞེས་པ་དང་།མིའི་རིགས་ཀྱི་བླ་སྲོག་གི་བཟོ་བསྐྲུན་པ་ཡིན་ཞེས་པའི་མཚན་སྙན་དེ་ཇི་ལྟར་ཐོབ།   དེས་ན་དགེ་རྒན་གྱི་སྤུས་ཚད་ལ་ཤིན་ཏུ་ཟོན་བྱེད་དགོས་ཏེ།   སྤྱིར་བཏང་གི་མི་ཞིག་གི་བསམ་སྤྱོད་མ་ལེགས་ན་གཙོ་བོར་ཁོ་རང་མི་གྲལ་ནས་ལྷུང་བར་འགྱུར་ཙམ་ཡིན།   འོན་ཀྱང་དགེ་རྒན་ཞིག་གི་བསམ་སྤྱོད་མ་ལེགས་ན་མི་ཐོག་དེའི་བྱིས་པ་མང་བོ་ཞིག་ལམ་ལོག་ཏུ་དེད་འགྲོ་བས་སོ།།
ད་ལྟའི་གནས་ཚུལ་རྣམ་པ་སྣ་ཚོགས་པ་འདི་དག་མཐོང་ཚེ། འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོས་བྱང་ཆུབ་ལམ་རིམ་ཆེན་མོར།   ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་དང་།   བསྟེན་ནས་བློ་ཇི་ལྟར་སྦྱོང་ཚུལ་ཞེས་ས་བཅད་བླང་བ་ལ་ལྷག་པར་དད་པ་སྙིང་ནས་སྐྱེས་སོང་།   དེས་ན་ངས་འདིར་ཕེབས་པའི་དགེ་རྒན་རྣམས་ལ་ལག་ཟུང་གི་ཐལ་མོ་སྙིང་ཀར་སྦྱར་ནས་རེ་བ་ཞིག་ཞུ་བསམ་པ་ནི།   ཁྱོད་ངོ་མ་རང་དོན་ཤེས་པའི་དགེ་རྒན་ཞིག་ཡིན་ན།   ཁྱོད་གཞན་དོན་སེམས་པའི་དགེ་རྒན་ཞིག་ཡིན་ན།   ཁྱོད་ལ་རྒྱ་ཡོད་པའི་དགེ་རྒན་ཞིག་ཡིན་ན།   ཁྱོད་ལས་འབྲས་བརྩི་བའི་དགེ་རྒན་ཞིག་ཡིན་ན།   ཁྱོད་དད་སྟོབས་ཆེ་བའི་དགེ་རྒན་ཞིག་ཡིན་ན།    དགེ་རྒན་ཞེས་པའི་མིང་རླབས་པོ་ཆེ་འདི་ལ་ངོ་གནོང་མི་དགོས་པའི་སློབ་མ་ལ་ཤ་ཚ་བའི་དགེ་རྒན་ཞིག་ཨེ་ཡོང་བལྟ་རྒྱུ་ཐུགས་ལ་འཛིན་པར་མཁྱེན་ཞེས་སྙིང་ནས་ཞུ།

    འོ་ན་དགེ་རྒན་མཚན་ཉིད་ཚང་བ་ཞིག་རྙེད་ན   །སློབ་མའི་རྒྱུད་ལ་ཡོན་ཏན་འབྱོར་ཁོ་ཐག་ཡིན་ནམ་ཞེ་ན།   དགེ་རྒན་བཟང་བོ་ཞིག་རྙེད་པ་ཙམ་གྱིས་མི་ཆོག་གི   །སློབ་མ་ལའང་སློབ་མའི་མཚན་ཉིད་ཚང་བ་ཞིག་དགོས་པ་ཡིན་ཏེ   །དེ་མེད་ན་ཡོན་ཏན་སློབ་པའི་སྣོད་དུ་མི་རུང་བའི་ཕྱིར་རོ།  །དབུ་མ་བཞི་བརྒྱ་བ་ལས།  གཟུར་གནས་བློ་ལྡན་དོན་གཉེར་བ།  །ཉན་པོ་སྣོད་ཅེས་བྱ་བར་འདོད། །ཅེས་གསུངས་པ་ལྟར་སྦྱང་བྱའི་ཡོན་ཏན་ལ་དོན་གཉེར་ཆེ་བ།   ཉན་པའི་ཚེ་ཡིད་ལེགས་པར་གཏོད་པ།   ཁྲིད་མཁན་གྱི་དགེ་རྒན་དང་ཁྲིད་བྱའི་གཞུང་ལ་གུས་པ་ཆེན་པོ་འཇོག་པ།  ཉེས་བཤད་དོར་ནས་ལེགས་བཤད་འཛིན་པ་སྟེ་བཞི་ཚང་བ་ནི་སློབ་མ་མཚན་ཉིད་ཡོངས་སུ་ཚང་བ་ཡིན་ནོ།  །ད་ལྟ་སློབ་མ་མང་བོ་ཞིག་རང་གི་དགེ་རྒན་ལ་གཏན་ནས་གུས་བཀུར་མི་བྱེད་པར་མ་ཟད།  ད་དུང་དེ་ཉིད་གཟི་བརྗིད་ལྟ་བུར་རློམ་བཞིན་ཡོད།   དེ་ནི་ཕར་ལྟོས་ཚོད་ལ་མི་ཞིག་ལ་གུས་པ་མ་བྱས་པ་ལྟ་བུར་སྣང་ཡང་།   དོན་དངོས་གནས་སུ་ཤེས་རིག་གི་རིན་ཐང་གཏན་མ་ཤེས་པའི་བླུན་རྟགས་ཤིག་རེད།  གལ་ཏེ་ཁྱོད་ཀྱིས་དགེ་རྒན་ལ་གུས་པ་བྱས་ན།   དེ་ནི་ཡོན་ཏན་གྱི་འབྱུང་གནས་ལ་གུས་པ་བྱས་པ་ཡིན།   གནས་ལུགས་ཀྱི་འགོ་ཁུངས་ལ་གུས་པ་བྱས་པ་ཡིན་པས་ངོ་ཚ་མི་དགོས་པར་མ་ཟད།   དེ་ནི་ཁྱོད་ཀྱི་གཟི་བརྗིད་ཡིན་ལ།   ཡོན་ཏན་འབྱོར་རྒྱུའི་སྔ་ལྟས་རེད།   མདོར་ན་མི་རིགས་ཤིག་གི་མདུན་ལམ་ནི་སློབ་གསོ་ལ་རག་ལས།   སློབ་གསོ་ལག་བསྟར་བྱེད་ས་གཙོ་བོ་ནི་སློབ་གྲྭ་ཡིན།   སློབ་གྲྭ་དེ་ཉིད་ལེགས་པོ་ཞིག་ཡོང་མི་ཡོང་ནི་སློབ་གཙོ་དང་དགེ་རྒན་ལ་རག་ལས།   དགེ་རྒན་བཟང་བོའི་ཡོན་ཏན་དེ་ཡག་པོ་ཞིག་ལོན་མི་ལོན་ནི་སློབ་མ་རང་ལ་རག་ལས་པས།   དེ་དག་ནི་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཡིན་པས།   འདིར་ཕེབས་པའི་དགེ་སློབ་ཡོངས་ཀྱི་ཐུགས་ལ་བཟུང་ནས་ལག་ལེན་རེ་ཨེ་ཡོང་བལྟ་རྒྱུ་ནི་ངས་སྙིང་ནས་བཏོན་པའི་རེ་བ་ཡིན་ལགས།
མཇུག་མཐར་ཚང་མ་ཚེ་རིང་ནད་མེད་བསམ་དོན་ལྷུན་གྲུབ་ཡོང་བར་སྨོན།



རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/10/8 བལྟ་ཀློག (26719)