རྔ་བའི་ནད་པ་ཚེ་ལས་འདས་རྗེས་སྐད་འདི་བྱམས་ལྡན་ཡོངས་ལ་ཕུལ།

རྔ་བའི་ནད་པ་ཚབས་ཆེན་ལོ་རྟའི་བསོད་ནམས་ཚེ་ལས་འདས་རྗེས་དང་བླངས་པས་རྒྱ་ཆེའི་བྱམས་ལྡན་རོགས་སྐྱོར་བ་ཡོངས་ལ་ལག་ཟུང་སྙིང་ཁར་སྦྱར་ནས་བཀའ་དྲིན་ཞུ་བཞིན་འཕྲིན་འདི་བསྐུར།

དང་བླངས་རོགས་སྐྱོར་བ་རྔ་ཡུལ་སྒོ་མང་དགོན་གྱི་གྲྭ་བཙུན་ལྡོང་བློ་བཟང་སྦྱིན་པ་དང་རྔ་བ་རྫོང་ལྷ་སྡེ་འགབ་མའི་མཚོ་གོ། ཀ་པག འདའ་ལོ། བོད་གོ་སྐྱིད། བདེ་ཁོ། ལོ་རྟ་ཡུལ་ཚོའི་ཐབས་མཁས།  ཚེ་བསྟན་སྒྲོལ་མ། མཁས་བཙུན་བཅས་ཡིན།


      ཕྱི་གངས་དཀར་ར་བའི་མཛེས་སྡུག་གི་གཟི་དཔལ་རྒྱས་ཤིང་ནང་ལྟ་སྤྱོད་གཙང་མའི་བྱམས་དང་སྙིང་རྗེས་གཟུངས་གཞུག་ལྡན་པའི་གདོང་དམར་བོད་པ་ཚང་གི་ཕུ་ནུ་མིང་སྲིང་ཡོད་དོ་ཅོག་གཞིས་བྱེས་ལྷན་འཛོམས་ཡོང་བའི་སྐལ་བཟང་གི་མེ་ཏོག་བཞད་པའི་སྨོན་འདུན་དང་བཅས་བཀྲ་ཤིས་བདེ་ལེགས་ཞུ།
      རྔ་ཡུལ་ལོ་ལྟ་ཡུལ་ཚོའི་ནད་པ་ཉམ་ཐག་ཕོ་ལོ་ཞེ་གསུམ་ཡིན་པའི་རུས་མིང་ལ་བསོད་ནམས་ཟེར་བར་མཆིན་ནད་གཙོས་པའི་དོན་ལྔ་སྣོད་དྲུག་སོགས་ལ་ནད་ཚབས་ལྕི་མོའི་འོག་སྡུག་བསྔལ་གྱིས་འོ་དོད་འབོད་དགོས་པའི་དཀའ་ཁག་ཏུ་ལྷུང་ཡོད་དུས།  གཉེན་ཉེ་དང་ངོ་ཤེས་བཟང་ས།  ད་དུང་རུ་སྡེ་བ་ཟེར་བའི་རོགས་རམ་དང་རྒྱབ་སྐྱོར་གནང་མཁན་ཅི་ཡང་མེད་པར་ཐབས་ཟད་ངང་ཟླ་དུ་མའི་རིང་ནད་ཀྱིས་གཟུར་ཏེ་ཁང་གླ་བྱས་ནས་ལྷག་ཡོད་པ་རེད། གནས་ཚུལ་དེ་ཁྱིམ་མཚེ་མི་རེ་གཉིས་ཀྱིས་ཤེས་རྟོགས་བྱུང་བར་བརྒྱུད་ཉིན་དང་བོ་ནས་རྔ་བ་རྫོང་ལྷ་སྡེ་འགབ་མའི་མཚོ་གོ། ཀ་པག འདའ་ལོ། བོད་གོ་སྐྱིད། བདེ་ཁོ། ལོ་རྟ་ཡུལ་ཚོའི་ཐབས་མཁས། ཉིན་གཉིས་པའི་ཕྱི་དྲོ་ནས་རྔ་ཡུལ་སྒོ་མང་དགོན་པའི་གྲྭ་བཙུན་ལྡོང་བློ་བཟང་སྦྱིན་པ། ལག་རོགས་པ་ཚེ་བསྟན་སྒྲོལ་མ། ཉིན་བཅུ་བདུན་པ་ཡས་མས་ཤིག་ནས་མཐའ་བ་གོང་མའི་མཁས་བཙུན་བཅས་ཀྱིས་ད་ལྟའི་བར་ཟླ་གཅིག་དང་ཉིན་བརྒྱད་ཀྱི་བྱ་བའི་མཇུག་རྫོགས་རག་བར་དུ་མ་བསྐུལ་དང་བླངས་དང་ལྷག་བསམ་གཙང་མས་ནད་པ་དེ་སྨན་ཁང་དུ་འགྲོ་བ་སོགས་སྐྱིད་སྡུག་གི་མགོ་མཇུག་བར་གསུམ་དུ་རྒྱབ་སྐྱོར་རོགས་རམ་བྱ་རྒྱུའི་སེམས་ཐག་བཅད་དེ་ཅི་ནུས་ཀྱིས་ནད་པ་དེའི་ཚེ་སྲོག་སྐྱོབ་ཆེད་ཉིན་བཅུའི་རིང་ལ་བོད་མདོ་དབུས་ཁམས་གསུམ་དང་ཕྱི་ནང་ཚང་མར་རེ་བའི་མཐེ་བོང་བསྒྲེངས་ཏེ་སློང་མོ་བྱས་པ་རེད། བོད་མི་སྙིང་རྗེ་ཅན་ཚོས་གནང་བའི་རོགས་དངུལ་སྤྱི་བསྡོམས་སྒོར་མོ་ཁྲི་ལྔ་བཅུ་ང་ལྔ་ལྷག་འཛོམས་པ་ལ་བསྟེན་དམིགས་ཡུལ་གཙོ་བོ་ནད་པའི་ཚེ་སྲོག་སྐྱོབ་རྒྱུ་དང་། ནད་པའི་བྱིས་པ་བུ་མོ་ཆེ་བ་ལོ་བཅུ་གཅིག་དང་ཆུང་བ་ལོ་བདུན་ཅན་གཉིས་སློབ་གྲྭར་སྐྱེལ་རྒྱུའི་བྱ་བ་གཙོ་བོར་བཟུང་སྟེ་བྱ་བའི་མགོ་བརྩམས་པ་རེད། སྤྱི་ཟླ་དགུ་བའི་ཚེས་ལྔ་ནས་རྫོང་མི་དམངས་སྨན་ཁང་དུ་ཉིན་དྲུག་དང་ཞིང་ཆེན་མི་དམངས་སྨན་ཁང་དུ་ཉིན་བཅུ་གཅིག་སྟེ་ཁྱོན་ཉིན་བཅུ་བདུན་གྱི་རིང་བརྟག་དཔྱད་རབ་དང་རིམ་པ་གང་མང་བྱས་ཏེ་སྨན་བཅོས་གང་ལེགས་བྱས་ཤིང་ཚེ་སྲོག་སྐྱོབ་ཐབས་སུ་དངོས་ཤུགས་བརྒྱུད་གསུམ་ནས་འབད་བརྩོན་བླ་མེད་གནང་ཡང་མཐར་བཅོས་ཐབས་ཟད་དེ་ཕྱིར་རྔ་ཡུལ་ཀིརྟི་དགོན་པའི་ཉེ་འགྲམ་ནས་སྦྲ་གུར་ཕུབ་སྟེ་ཉིན་བཅུ་གཉིས་ཡས་མས་ཤིག་གི་རིང་ཀིརྟི་དགོན་པའི་བླ་གྲྭ་གཙོས་སྒོ་མང་གི་བླ་གྲྭ་བཅས་གདན་དྲངས་ཏེ་སྙིང་རྗེ་ཆོས་སྦྱིན་གྱིས་བཅའ་བ་སྐུ་རིམ་དང་། དབང་དང་བདག་འཇུག་སོགས་གང་མང་གནང་། དེའི་ཞོར་དུ་མདོ་དབུས་ཁམས་གསུམ་གྱི་བོད་ཀྱི་སྨན་རམས་པ་འགས་ཉམས་མྱོང་གི་སྟེང་ནས་བོད་སྨན་གྲགས་ཅན་འགའ་བསྡེབས་ཤིང་བསྟེན་ནའང་སྐྱོབ་ཐབས་ཟད་དེ་ཉིན་རེ་བཞིན་ཇེ་སྡུག་ཏུ་སོང་ཞིང་མཐར་ནད་པའི་ཚེ་སྲོག་སྐྱོབ་པའི་རེ་ཐག་ཆད་དེ་ཆོས་དགེ་བ་བསྒྲུབ་པའི་གྲ་སྒྲིག་བྱས་པ་རེད། རོགས་སྐྱོར་བ་ཚོའི་རེ་བའི་བསམ་ཐོག་ཏུ་འགྲོ་མ་ཐུབ་པར་ནད་པ་བསོད་ནམས་ཟླ་འདིའི་སྤྱི་ཚེས་ཏེ་༢༠༡༤.༡༠.༡༠ ཉིན་གྱི་ཞོགས་པའི་དུས་ཚོད་བཞི་དང་སྐར་ཉི་ཤུ་ནས་སུམ་བཅུ་ཡས་མས་ཤིག་ལ་ཚེ་ལས་འདས་པ་རེད། 

      དེ་ནས་བཟུང་ཚེ་འདས་ལ་སྒོར་ཁྲི་བཅུ་དྲུག་ཡས་མས་ཤིག་གིས་ཆོས་དགེ་བ་བསྒྲུབ་རྒྱུ་ཐག་བཅད་དང་། བྱིས་པ་གཉིས་མ་འོངས་པར་སློབ་གྲྭར་འགྲོ་བྱེད་ཀྱི་མ་རྩར་སྒོར་ཁྲི་བརྒྱད་འབྲོག་དགེ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་དུ་སྐྱེད་ཀ་བྱས་ནས་ལོ་དྲུག་གི་རིང་མ་སྒོར་ཁྲི་བརྒྱད་དེ་འཕེལ་དང་འཕེལ་བྱས་ནས་བཞག་མཐར་ཁྱོན་སྒོར་ཁྲི་བཅུ་བདུན་གཏན་ཁེལ་བྱས་ཏེ་བྱིས་པ་གཉིས་སློབ་གྲྭར་འགྲོ་སོང་གཏོང་རྒྱུའི་མ་རྩར་འཇོག་རྒྱུ་ཐག་བཅད་དང་། གཞན་བྱིས་པ་གཉིས་དང་བྱིས་པ་གཉིས་ཀྱི་ཨ་མ་བཅས་མ་མོས་གསུམ་ལ་འདུག་ཁང་སྒོར་ཁྲི་བཅུ་དྲུག་ཅན་ཞིག་ཉོས་ཤིང་ཁང་བའི་ནང་ཆ་ཚང་མཐའ་གཉིས་སུ་མ་ལྷུང་བ་ཞིག་བཟོ་བསྐྲུན་བྱས་ཤིང་ཅ་ལག་སོགས་གང་འཚམ་ཞིག་བསྒྲིགས་ཏེ་ཁྱིམ་གཞི་གསར་བ་ཞིག་བཙུགས་པ་ལ་ཁྱོན་འགྲོ་སོང་སྒོར་ཁྲི་བཅུ་དགུ་ཡས་མས་ཤིག་བཏང་། ནད་པར་བཀོལ་བའི་སྨན་ཡོན་སོགས་ཀྱི་འགྲོ་སོང་དང་ཁང་བའི་འགྲོ་སོང་སྤྱི་བསྡོམས་བྱས་ན་ཁྱོན་སྒོར་ཁྲི་སུམ་ཅུ་སོ་གཅིག་ལྷག་ཅིག་བཏང་ཟིན་པ་རེད། བྱིས་པ་ཆུང་བ་ལོ་བདུན་ཅན་དེ་ལོ་སུམ་ཅུར་མ་སླེབས་བར་དུ་ཁང་བ་གཞན་ལ་བཙོང་རྒྱུ་སོགས་མི་ཆོག་པ་གཏན་ཁེལ་བྱས། ཚེ་འདས་བསོད་ནམས་ཀྱི་དགེ་རྩར་སྒོར་ཁྲི་བཅུ་དྲུག་ཡས་མས་ཤིག་གིས་ཆོས་དགེ་བ་ཕུན་སུམ་ཚོགས་པར་བསྒྲུབས་ཤིང་། གསོན་པོར་འདུག་ཁང་བཅས་སོགས་ཆ་ཚང་ཡག་པོ་ཞིག་བསྒྲུབས་ཏེ་ལྷག་སྒོར་ལྔ་སྟོང་ཁོང་མ་བུ་རྣམས་ལ་ཕུལ་ཏེ་མཇུག་ལེགས་པོར་རྫོགས་ཚར་བ་རེད། 
      དེས་ན་ཚེ་འདས་གཙོ་བྱས་པའི་ཁྱིམ་ཚང་དེ་ཚང་ལ་རོགས་རམ་གནང་མཁན་དང་རོགས་དངུལ་གཏོང་མཁན་ཡོངས་ཀྱི་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་དང་བཅས།   ལྷག་དོན་བྱ་བ་འདིའི་མགོ་མཇུག་བར་གསུམ་ལ་ཁ་ཡོད་ལག་ཡོད་ཀྱིས་དོན་གཉེར་བ་ཚོས་རང་རང་གི་འགྲོ་སོང་ཟ་མ་དང་བཅས་བྱ་བའི་མགོ་མཇུག་ཡས་མས་ལ་སོང་བའི་འགྲོ་གྲོན་དང་བཅས་པ་ཡོངས་རྫོགས་རོགས་དངུལ་ལས་སྒོར་གཅིག་ཀྱང་མ་བཀོལ་བར་ཐམས་ཅད་སྒེར་ནས་བཏང་ཞིང་།   རྔ་བའི་ས་ཆ་སྤྱི་དང་བོད་མདོ་དབུས་ཁམས་གསུམ་ལ་མིག་ལྟོས་ཡག་པོ་རེ་བཞག་པར་བཀའ་དྲིན་ཆེ་ཞུ་བ་དང་ལྷན་དུ་རྔ་ཡུལ་དགོན་ཁག་མཉམ་འབྲེལ་མཐུན་ཚོགས་ཀྱིས་རྟིང་འཛིན་འོག་རོགས་དངུལ་གྲངས་འབོར་ཐད་བདེན་དཔང་ཐག་བཅད་དང་བཅས་དཔང་ཡིག་དོ་དམ་གནང་ཡོད་པ་ལགས་སོ།།

ཤུལ་དུ་ལུས་པའི་དྭ་ཕྲུག་སོགས

ཚེ་འདས་བསོད་ནམས་ཀྱི་བྱིས་པ་སོགས་ལ་དང་བླངས་པས་ཁང་བ་ཉོས་ཏེ་མཛེས་སྦྲས་བྱེད་བཞིན་པ།

ཚེ་འདས་བསོད་ནམས་ཀྱི་བྱིས་པ་སོགས་ལ་དང་བླངས་པས་ཁང་བ་ཉོས་ཏེ་མཛེས་སྦྲས་བྱེད་བཞིན་པ།

ཚེ་འདས་བསོད་ནམས་ཀྱི་བྱིས་པ་སོགས་ལ་དང་བླངས་པས་ཁང་བ་ཉོས་ཏེ་མཛེས་སྦྲས་བྱས་ཟིན་པའི་ཁང་བའི་བར་ཁྱམས།

ཚེ་འདས་བསོད་ནམས་ཀྱི་བྱིས་པ་སོགས་ལ་དང་བླངས་པས་ཁང་བ་ཉོས་ཏེ་མཛེས་སྦྲས་བྱས་རྗེས་ཀྱི་ཁང་བའི་སྒེའུ་ཁུང་།

དང་བླངས་པ་ཐབས་མཁས་སོགས་ཀྱིས་དཀའ་ཚེགས་གང་མང་བརྒྱུད་དེ་ཁང་བའི་ཕྱི་ནང་གཉིས་ལེགས་འགྲུབ་བྱུང་བ།

     མཐར་གངས་ཅན་ཁ་བའི་ལྗོངས་ཀྱི་བྱམས་ལྡན་ཡོངས་ཀྱི་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་དང་བཅས་ནད་པ་ཉམ་ཐག་ཚེ་ལས་འདས་ཀྱང་ཤི་བོའི་རམ་འདེགས་ཆོས་ཟེར་བའི་དཔེ་ལྟར་རྔ་བའི་དགོན་སྡེ་དག་དང་རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་ལྷག་བསམ་པ་དང་གཏོང་ཕོད་ཅན་དག་གི་བཀའ་དྲིན་ལས་དགེ་བ་བསྒྲུབས་ཤིང་ཤུལ་ལུས་དྭ་ཕྲུག་སོགས་ལ་ཁང་བ་སོགས་ཉོས་ཏེ་བྱ་བའི་མགོ་མཇུག་འདི་ལྟར་མཇུག་རྫོགས་པ་ལ་དགེ་བ་ཅི་མཆིས་འགྲོ་ཀུན་བྱང་ཆུབ་འཐོབ་པའི་རྒྱུར་གྱུར་ཅིག་གུ། །༢༠༡༤.༡༠.༡༣


རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/10/13 བལྟ་ཀློག (25722)