བདེན་སྙེགས་ཀྱི་ཚིགས་བཅད་སྙན་ངག་བདུན།

བདེན་སྙེགས།༼ལན་གྲུ༽

      སྔ་ཕྱིར་རྩོམ་སྒྲིག་པ་དང་དྲ་ལམ་རྩོམ་འབྲི་བ་སོགས་ཀྱི་འགན་འཁུར་མྱོང་ཞིང་ད་སྔ་རང་གི་མི་ཚེའི་ལམ་བྲོ་རུ་འདོད་པའི་སྒྲུང་དང་གཞས་ཚིག་འགའ་ཡང་འབྲི་མུས་སུ་ཡོད།  མ་ཟད་ཚོར་བའི་བདག་མོའམ་སྙན་ངག་གི་ལྷ་ཆེན་པོ་གང་དེ་བརྩམས་ཆོས་སུ་གྲུབ་ནས་རང་གི་ན་ཚོད་དང་རྨི་ལམ་ལ་ཁ་དོག་བསྒོ་བཞིན་ཡོད།  དེ་མིན་ང་ན་རེ།   བདེན་སྙེགས་ནི་གནས་སྐབས་སྙན་ངག་པ་ཆུང་ཆུང་ཞིག་ཡིན།


འཆི་བའི་ཞུ་ཡིག

དུ་བའི་ཁ་རླངས་དྲོན་མོ་ཡར་མར་འཁྱིལ།། 
གློག་འོད་འཁྱག་པ་མལ་ཁྲིའི་སྒང་དུ་ཉུལ།། 
ཕྱི་རོལ་སྒྲ་དང་འུར་ཟིང་ཡོལ་བས་བཅད།། 
ཁེར་མོ་ཁ་རོག་བསྡད་ནས་ཅིག་ལ་བསམ།། 
བདུད་རྩི་ཆང་གིས་སེམས་པ་གསོ་ཚུལ་ཡིན།། 
 
རོལ་དབྱངས་འཁྱམ་པོ་སྒེའུ་ཁུང་བརྒྱུད་ནས་འགྲོ།། 
རླུང་བུ་བདག་མེད་མཚན་མོའི་པང་ན་ངུ་།། 
ནམ་མཁའ་སྟོང་བ་མཚོ་མོའི་ངོགས་སུ་འཆར།། 
སྐར་མ་འགའ་ཞིག་དེ་ཡི་ནང་དུ་འགུལ།། 
རྨི་ལམ་ནང་ནས་ཁྱོད་ལ་འཕྲད་ཚུལ་ཡིན།། 
 
ནམ་ཟླ་དགུན་ལ་ཁ་བ་མར་མར་འབབ།། 
ང་ཡི་རྐང་རྗེས་རི་སྒང་ཞིག་ལ་ཕབ།། 
ཨང་ཀི་འགའ་ཡི་མགོ་རྐང་ཡང་ཡང་བསྒྲིགས།། 
ཁྱོད་ཀྱི་རྒྱབ་གཟུགས་ཙམ་ཞིག་ང་ཡིས་བཙལ།། 
ཞེ་འདང་འོ་མའི་ལྟིང་ཀ་རྡོལ་ཚུལ་ཡིན།། 
 
ལས་ཀྱི་རི་མོ་ལོ་ཟླའི་ཁ་ཆུའི་ཟོས།། 
ངས་ནི་ཁྱོད་རང་བསྒུགས་ནས་རིང་ཙམ་ལོན།།
གཙང་བོ་ཆུ་ལ་འཁྱག་པའི་འགྲམ་དར་ཆགས།།
གྲམ་པའི་རྡོ་ལ་དཔྱིད་ཉི་ཙམ་ཞིག་ཕོག།
དགའ་སྡུག་མིག་ཆུའི་རྡོག་པ་འགྲིལ་ཚུལ་ཡིན།།
 
ལུས་ལ་འདོད་པའི་ཤ་ཁྲག་རྒྱས་དང་མཚུངས།།
སེམས་ལ་རྨོངས་པའི་སྡོམ་དྲ་སྤུ་བཞིན་གཟེངས།།
གློ་དང་མཆིན་པའི་གསེང་ལ་མི་ཞིག་སྦས།། 
རུས་དང་རྐང་གི་ངོས་སུ་ཚིག་ཅིག་བྲིས།། 
མི་རྟག་སྒྱུ་མའི་ནོར་ལ་ཞེན་ཚུལ་ཡིན།། 
 
དཀར་པོ་ཞིག་གི་ནང་ན་དམར་པོ་ཡོད།། 
དམར་པོ་དེ་ཡི་དཀྱིལ་ན་སེར་པོ་ཡོད།། 
ད་དུང་དེ་ཡི་འཕྲོ་ན་ལྗང་ཁུ་ཡོད།། 
དཀར་སེར་དམར་ལྗང་མདོག་གི་ནང་སྙིང་ཅན།། 
ང་ཡིས་ཁྱོད་ལ་མིང་ཞིག་འདོགས་ཚུལ་ཡིན།། 
 
གཞན་པ་དེ་ཡི་ཚབ་ལ་སུ་ཞིག་འཇོག། 
མེད་པ་ཞིག་གི་དོན་ལ་ཅིའི་ཕྱིར་སྨྲེང་།། 
དྲང་མོར་བཤད་ན་ཁྱོད་རང་སུ་ཞིག་ཡིན།། 
སྐྱེ་བ་ད་ལན་འུ་གཉིས་ཅི་ཞིག་བྱེད།། 
མེ་ལོང་ནང་ནས་རང་ལ་བལྟས་ཚུལ་ཡིན།།  
 
མུན་པའི་ནང་ན་ཡོད་པ་མུན་པ་ཡིན།། 
མུན་པའི་གསེང་ན་ཡོད་པ་ཁྱོད་རང་ཡིན།། 
ཁྱོད་རང་དྲན་ན་ང་རང་མུན་པ་ཡིན།། 
བརྩེ་དུང་རྣལ་མ་མུན་ཁྲོད་སྒྲོན་མེ་ཡིན།། 
འཆི་བ་ཁོ་ནའི་ཕྱོགས་སུ་བཅར་ཚུལ་ཡིན།། 
              11.3.2014ཉིན།


ཁང་སྐྱིབས་ཤིག་ནས།


ཉི་འོད་ཁྲ་ཁྲ་ས་གཞིའི་སྒལ་བར་འཁྱིལ།།
སྤྲིན་པའི་གཤོག་ཟུང་རླུང་གི་གྲི་ལ་བརྡར།།
ཞེ་འདང་མཚོ་མོའི་འགྲམ་དང་རབ་ཁ་ལ།།
ལས་ཀྱི་ཨུག་ཆོས་དམར་པོ་ཚོམ་བུར་བཀྲ།།

ཟང་ཟིང་སྒྲ་དག་ཕྱི་རོལ་གཟུགས་ལ་སྤྲུལ།།
ངོས་ཀྱིས་ཁང་སྐྱིབས་ཤིག་ནས་ཁྱོད་རང་དྲན།།
བྱིས་པ་ཞིག་དང་ཁྱོད་ཀྱི་རྒྱབ་གཟུགས་ཀྱང་།།
མི་ཚོགས་འཚང་ཁའི་ཁྲོད་ནས་ཡལ་བ་དྲན།།

ཁྱོད་དང་འུ་གཉིས་ཡིག་འབྲུ་གཉིས་ཙམ་ཡིན།།
མཚན་ལམ་གོ་དགུའི་རྨི་བཤད་ཙམ་ཞིག་ཡིན།།
ཁ་པར་ངོས་དང་འཕྲིན་ཡིག་འགའ་ལྷག་ཡིན།།
སེམས་པའི་གཏིང་དང་རྒྱུ་མའི་ཞབས་ཙམ་ཡིན།།

མུན་པའི་ཀློང་ན་མུན་པའི་སྡེར་མོ་ཡོད།།
མེ་ལོང་ནང་གི་མིག་ཟུང་འདྲ་མ་ཡོད།།
དེང་མའི་ཁྱོད་རང་སྣང་བའི་དབྱིངས་ན་ཡོད།།
ཞེ་སྡུག་མིག་ཆུའི་ཡང་ལྕི་ཙམ་ཞིག་ཡིན།།
             21.7.2014ཉིན།


ཁྱོད་ཀྱི་ཕྱོགས་སུ།


མཛའ་གྲོགས་དུས་ཆེན་ལ་ཕུལ།

ལས་ཀྱིས་ལྷན་དུ་བསྡུས་ཤིང་།།
ལས་ཀྱིས་ཁ་ཁར་གཏོང་སའི།།
སྤྲིན་པ་ལེབ་མོའི་ཞབས་ཀྱི།།
མུན་པའི་ངོ་གདོང་སྐྱ་བོ།།
དྲན་པའི་བག་ཆགས་ཁུད་ན།།
ད་དུང་ཨེན་ཙམ་ཡོད་པ།།

ལ་རྒྱབ་ཕ་གའི་གྲོང་ལ།།
ཉི་མའི་ཟེགས་མ་འཐོར་ཡོད།།
བོར་ནས་ཡུན་རིང་འགོར་བའི།།
ཁྱོད་ཀྱི་རྒྱབ་གཟུགས་ཁེར་མོ།།
ཕྱེ་ལེབ་གཤོག་པའི་ངོས་ཀྱི།།
རི་མོ་ཆུང་ཆུང་དེ་ཡིན།།

ཤེལ་སྒོའི་ངོས་ན་འགུལ་བའི།།
ལམ་ཁའི་གཟུགས་དང་གྲིབ་མ།།
རོལ་དབྱངས་གྲང་མོ་ཞིག་ཡིན།།
རྨི་ལམ་ཆག་པོ་ཞིག་ཡིན།།
ཁྱོད་དང་ངེད་གཉིས་བར་གྱི།།
མི་གསལ་སེང་རས་དེ་ཡིན།།

ལོ་འདི་མག་མོག་ཅིག་རེད།།
ཟླ་འདི་རབ་རིབ་ཅིག་རེད།།
ལས་ཀྱི་མཚོ་མོའི་འགྲམ་ནས།།
ཁྱོད་ཀྱི་རྐང་རྗེས་བོར་སོང་།།
ཁེར་རྐྱང་སྣང་བའི་བསྐྱལ་བའི།།
འཚོ་བ་ཐབས་རྡུགས་ཤིག་རེད།།
       2.8.2014ཉིན་རེས་འཁོར་ནང་ནས།


ཁྲུས་ལ་རོལ་བ།

ཆུ་ཡི་ཐིགས་པ་རེ་རེ།།
ཞེ་སྡུག་མཆི་མར་སྤྲུལ་ཏེ།།
ལུས་ཀྱི་སྟེང་ནས་འགྲིལ་ཡོང་།།
འདི་ནས་ཡར་ལ་བརྩིས་པའི།།
ལོ་དང་ཟླ་བའི་ཞེན་ཆགས།།
གཙང་ཁྲུས་གནང་ན་བསམ་བྱུང་།།

ཆུ་རླངས་སྲབ་མོའི་ཞལ་རས།།
མེ་ལོང་ངོས་སུ་ཤར་བྱུང་།།
གྱེས་ཁའི་རྒྱབ་གཟུགས་ཁེར་མོ།།
མངོན་དང་མ་མངོན་མི་འདུག།
རྨི་ལམ་ནང་དུ་འཁོར་བའི།།
མི་མོའི་སྤྱན་དཀྱུས་ཡངས་པ།།

སྐྲ་འདབས་འཛར་བའི་ཆུ་དག།
སྨྲེང་བའི་སྒྲ་དབྱངས་ཤིག་ཤིག།
ལས་ཀྱི་ལག་འཇུ་མེད་པའི།།
སྐྱ་མོའི་ལམ་དེ་བསམ་ན།།
འཚོ་བའི་བྱང་ཐང་བརྒལ་བའི།།
མི་ཡུལ་ཨ་སྐྱོ་ཆད་ཨང་།།

སྙིམ་པའི་ནང་དུ་བསྐྱིལ་བའི།།
བྲང་གི་ངོས་སུ་བཞུར་བའི།།
ཆུ་རྡུལ་ཐིགས་པའི་ཕྲེང་རྒྱུན།།
འཇམ་པོ་དེ་འདྲ་མ་གནང་།།
འཕྲད་སྦྱོར་ལུས་ཀྱི་ཤུགས་འབྱུང་།།
སྣང་བའི་ཕྱག་སོར་ཡིན་རེད།།

མིག་ཟུང་ཟུམ་ཙམ་ཟུམ་ཙམ།།
དེང་མའི་ལོ་དག་དྲན་ཡོང་།།
འཕྲིན་པ་གཤོག་མེད་ཅིག་ལ།།
བརྐོས་བའི་སྐྱིད་སྡུག་བསམ་ན།།
དྲན་ཤིང་ལོ་མའི་འདབ་ལོ།།
ཆུ་ཡི་ཁྲུས་ལ་ཞུགས་རོགས།།
     21.09.2014ཉིན་གྱི་མཚན་མོར་ལན་གྲུ་ནས་བྲིས་པའོ།།


             སེམས་ལ་བརྐོས་པ།
                                
ལོ་དང་ཟླ་བའི་ཕྱིར་མིག།།
ཞེན་ཆགས་སྙིང་ལ་བྲིས་པའི།།
མི་རྐྱང་གཞས་པའི་མིག་ཆུ།།
མ་གིའི་ཆུ་མོར་འདྲེས་སོང་།།
བསམ་དང་མ་བསམ་མི་འདུག།
ལས་ལ་རང་དབང་མི་འདུག།

ལེ་བར་གོ་དགུའི་ཕ་རོལ།།
སོང་ན་ཐག་ཉེ་ཞིག་རེད།།
དྲན་པའི་ཡུལ་ཕྱོགས་ས་ལ།།
མིག་གིས་རིག་རིག་བལྟས་ཀྱང་།།
ང་ཡི་མི་ཕམ་དབང་མོ།།
སྤྲིན་པའི་གུར་ན་མི་འདུག།

ཁྱོད་སར་ཡོད་པའི་ཆུ་བོ།།
བཞུར་ནས་འདི་ལ་ཐོན་འདུག།
ལྷུང་ལྷུང་ངུ་སྒྲ་ཞིག་ལས།།
ཁྱོད་ཀྱི་སྐད་སྐུར་མི་འདུག།
དེང་མའི་ཁྱོད་ཀྱི་འཛུམ་མདངས།།
ཆུ་ནང་མེ་ཏོག་འདྲ་བ།།

གྱང་ལྡེབས་རྩིག་པའི་ངོས་ལ།།
སྐར་མའི་མགུལ་ཕྲེང་དོད་འདུག།
ང་དང་ཁྱོད་ཀྱི་བར་ཐག།
མུན་པའི་སེང་རས་ཤིག་ཡིན།།
ཞེ་འདང་སྒྲོན་མེའི་འོད་ཀྱིས།།
མུན་པ་སྲེག་ཐབས་བྱུང་ན།།

ལོ་མང་སེམས་ལ་ཉར་བའི།།
ཡིད་འོང་གཤོག་པ་ཆུང་ཆུང་།།
བདུད་རྩི་དྭངས་མོ་ཞིག་ཡིན།།
རྨི་ལམ་ཁ་གང་ཞིག་ཡིན།།
མཚན་ལམ་སུམ་བརྒྱ་རེ་ལྔའི།།
རྨི་བཤད་རིང་མོ་དེ་ཡིན།།
       15.08.2014ཉིན་གྱི་མཚན་མོར།

མུན་པའི་རབ་ཁ་བརྒལ་དུས།
ཉི་མའི་མིག་ཆུ་ལྗོན་ཤིང་ལོ་མར་འཐིམས།།
ནུབ་ཁའི་དམར་པོ་སྐྱོ་དབྱངས་གདངས་ལ་འདྲེས།།
སྐྲ་ཡི་རྣམ་ཤེས་རླུང་གི་གར་ལ་རོལ།།
མདང་ནུབ་དོན་དག་ལས་ཀྱི་འཕྲད་སྦྱོར་མ།།
ཕྱིར་དྲན་ཆུ་ལ་གཟུགས་བཞིན་ཤར་ནས་ཡོང་།།
ཁ་ཕུ་ཡང་མོ་འཇམ་ཤས་ཆེ་ཨང་ཀྱེ།།
བརྗེད་པར་དཀའ་སོང་སྙིང་ལ་སིམས་སོང་ལགས།།

ད་ནི་མི་ཐུག་ལས་ཀྱི་བསྐོས་ཐང་བཙན།།
ཡང་ཡང་མི་མཇལ་བར་ཐག་རིང་སོང་ཨང་།།
མིང་ཙམ་མི་ཤེས་འཕྲད་པ་ངོ་མཚར་ཆེ།།
མི་ཚེ་གཅིག་གི་ནང་དོན་མིན་ན་ཡང་།།
བརྩམས་ཆོས་ཤིག་གི་ཁ་ཡིག་ཅི་ལ་མིན།།
མི་མོ་དེ་ཡི་ཚབ་ཙམ་མི་ཐུབ་ཡང་།།
གྲིབ་མ་ཞིག་གི་རྒྱབ་གཟུགས་ཅིས་ཀྱང་ཉན།།
སྣང་བའི་དཀར་ནག་འཐབ་པའི་ནམ་མཁའ་རུ།།
འཕྲུལ་སྣང་ཁ་བ་བུ་ཡུག་འོད་དུ་འཚུབ།།

ཐུགས་དགོངས་མ་ཚོམས་སང་ཉིན་ཤོག་དང་ཞེས།།
གསུངས་བ་དེ་འང་རྣ་ལ་སྙན་ནམ་ཅི།།
ལག་ངར་ངོས་ཀྱི་རྨ་ཤུལ་ཆུང་ཆུང་དེ།།
བརྩེ་དུང་ཞིག་གི་གཏམ་རྒྱུད་ཨེ་ཡིན་ནམ།།
སེམས་པའི་རི་ལུང་དྲན་པའི་ཁུགས་སོ་རུ།།
ཕྱིར་དྲན་ཞིག་གི་གནང་སྦྱིན་ཨེ་ཡོད་དམ།།
ང་རང་ལམ་ལ་ཆས་འགྲོ་བདེ་མོ་བྱོས།།
པར་ཞིག་ལྐོག་ནས་ཁྱེར་སོང་ང་འདི་ཨང་།།
སྙིང་ལ་དེ་འདྲ་སྡུག་སོང་ཁྱོད་འདི་ཨང་།།
              2014.5.10ཉིན་གྱི་མཚན་མོ་མེ་འཁོར་ནང་ནས།



ཁྱོད་ལ་ཞུས་པ།

                                 
འདས་པའི་ལོ་ཟླ་གླེང་བར་མི་བྱ་ཁྱོད་དང་ང་ལ་གསལ་བ་ཀན་ཡིན།།
དགའ་སྡུག་མིག་ཆུའི་རིན་ཐང་མི་བཤད་མཚན་མོ་ཞིག་གི་དོན་དག་དེ་ཡིན།།
དེང་མའི་དུས་ཀྱི་ཁྱོད་ཀྱང་མི་དྲན་མིག་མཐར་འཁྱིལ་བའི་མཆི་མ་ཙམ་ཡིན།།
གྱེས་ཁ་ཞིག་གི་རྒྱབ་གཟུགས་བསམ་ན་འཕྲིན་ཡིག་འགའ་ཡི་ཕྱི་ནང་དྲན་ཡོང་།།

སྐྱོ་བའི་རླུང་བུ་གྲང་མོ་གྲང་མོ་ང་ལ་ཁྱོད་ཀྱི་སྐད་ཆ་དྲིས་ཡོང་།།
སྡུག་གི་མུན་པ་སྲབ་མོ་སྲབ་མོ་སེམས་པ་ཞིག་གི་ཁེར་རྐྱང་ལབ་ཡོང་།།
དུངས་བའི་རི་ལ་སྨུག་པ་འཁོར་སོང་ཞེ་འདང་མཚོ་ལ་འགྲམ་དར་ཆགས་སོང་།།
ཆུ་ནང་ཟླ་བ་རླུང་བུས་བསྒུལ་སོང་འགྱོད་གདུང་རི་མོ་གང་ལ་འབྲི་ཨང་།།

ལམ་འགྲམ་ཨ་ཅེ་མིག་དཀྱུས་ཡངས་ཨང་ཁྱོད་ལྟར་མིག་གིས་སྐད་ཆ་བཤད་པ།།
ལོ་མ་སེར་བོ་ལྗིད་ཐག་ཆོད་དེ་ས་ལ་ལྷུང་ན་ཅལ་སྒྲ་མཆེད་ཡོང་།།
ཅིག་གི་སྐད་ངག་ཁྱོད་ལ་ནོར་སོང་འཁྲུལ་བའི་རྨི་ལམ་རྨི་ལམ་རྨི་ཚོད་མི་འདུག།
ཆང་ཕོར་ནང་གི་རང་ལ་བལྟས་ནས་རང་ཤི་བརྒྱབ་ན་ཡག་ཨང་འདོད་སོང་།།
                                                                         26.10.2014ཉིན་གྱི་མཚན་མོར།


རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/11/4 བལྟ་ཀློག (3249)