མཁས་པའི་དབང་བོ་ཨ་ཁུ་རྒྱ་གྲོལ་གྱི་མཛད་རྣམ་མདོར་བསྡུས།


 ཤེས་རབ་བསྟན་དར། སྨྱུག་མིང་རྒྱ་གྲོལ། 1968 ལོར་མདོ་སྨད་མང་རར་སྐྱེས། ཀླུ་ཚང་དགོན་པའི་ཆོས་སྒོར་ཞུགསཏེ་གཞུང་བཀའ་པོད་ལྔ་དང་སྔགས་རྒྱུད་སྡེ་བཞི་ལ་སྦྱངས། 1997 ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག ཀླུ་ཚང་དགོན་པ་དང་དབུས་གཞུང་ཐར་ཤུལ་དགོན་པ། གངས་ལྗོངས་ཤེས་རིག་ནོར་བུའི་གླིང་སོགས་སུ་བསྡུས་ཚན་དབུ་ཕར་དང་ཐ་སྙད་རིག་གནས་སོགས་ཀྱི་འཆད་ཉན་སྤེལ་ཅིང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་སློབ་དང་། བསླབ་རམས་པ་དང་འབུམ་རམས་པ། གཞུང་སྒེར་གྱིས་བསྒྲུབས་པའི་འཛིན་གྲྭ་བཅས་སུ་བོད་ཀྱི་རིག་གནས་ཀྱི་སློབ་ཁྲིད་བྱས། ད་ལྟའི་བར་དུ་སྙན་ངག་དང་ལྷུག་རྩོམ། བསྒྱུར་རྩོམ་སོགས་བརྒྱ་ལྷག༼སྦྲང་ཆར༽སོགས་ཞིང་ཆེན་ཕྱི་ནང་གི་དུས་དེབ་མང་བོར་སྤེལ། སྐབས་གསུམ་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་སོགས་ཐོབ། སྔ་རྗེས་སུ༼སྒྲུང་ལྡེའུ་བོན་གསུམ་གྱིས་བོད་ཀྱི་ཆབ་སྲིད་བསྐྱངས་མིན་ལ་གསར་དུ་དཔྱད་པ༽དེབ་དང་བོ་ནས་བཞི་བའི་བར་དང་། ༼ཀྲུང་གོའི་བོད་རིག་པ༽སོགས་སུ་སྤེལ། ད་ལྟའི་བར་གཞན་དང་མཉམ་འབྲེལ་གྱིས༼ར་མ་ཎའི་རྟོགས་བརྗོད༽དེབ་དང་བོ་ནས་བཞི་བའི་བར་དང་། ༼སྟོན་པའི་རྣམ་ཐར༽༼མི་ཚེ་སླར་གསོ༽༼སངས་རྒྱས་ཀྱི་གཟི་འོད་ནུབ་ལ་འཕྲོས་པ༽བསྒྱུར། ༼ནང་བསྟན་སློབ་དེབ་སྐལ་བཟང་འཇུག་ངོགས་༽༼སྐྱབས་འགྲོ་བྲན་གཡོག་གི་འདུ་ཤེས་ཡིན་ནམ།༽༼ནང་བསྟན་དཔལ་འབྱོར་རིག་པ།སྟོད་ཆ།༽༼བོད་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས།༽༼གངས་སེང་འཚོལ་བ།༽༼ལྷ་འདྲེའི་སྲེད་པས་བདག་གིར་བྱས་པའི་ལྷ་ས།༽༼བོད་ཀྱི་ལོ་རྒྱུས་ཀྱི་མཐའ་དཔྱོད།༽༼དགེ་ལུགས་པའི་ཚད་མའི་ལོ་རྒྱུས།༽༼བོད་ཀྱི་དགོན་སྡེའི་སློབ་གསོ།༽༼ཚངས་མགུར་ཞིབ་འཇུག༽གཞན་ད་དུང་༼ལྰ་མོའི་ཡོངས་འཛིན་རིན་པོ་ཆེའི་རྣམ་ཐར།༽དང་༼ཐར་ཤུལ་རིན་པོ་ཆེའི་རྣམ་ཐར།༽སོགས་དཔེ་དེབ་བཅུ་ལྷག་བྲིས་ཤིང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། དེབ་མང་ཤོས་དཔར་ཁང་ནས་སྒོར་བུད་པའི་ཉིན་དེ་མ་ཁད་དུ་ཡང་དེབ་གྲངས་སྟོང་ཕྲག་གསུམ་བཞི་རེ་བཙོངས་ཚར་འགྲོ། ད་དུང་ཁོང་གིས་གཙོ་སྒྲིག་གནང་བའི༼བསམ་བློའི་ཤེས་རིག༽ཀྱང་བོད་ཁུལ་ཆེས་དགའ་བསུ་ཐོབ་པའི་རིག་གཞུང་དུས་དེབ་ཅིག་ཏུ་གྱུར་ཡོད། སྔ་རྗེས་སུ་བོད་ཡིག་ནང་བསྟན་གྱི་དྲ་བ་ཐོག་མ་བོད་གསང་སྔགས་རིག་གནས་དྲ་བ་བཟོས་ཤིང་། ནང་བསྟན་གྱི་དཔེ་དེབ་རིན་མེད་གཟིགས་འབུལ་བྱེད་པའི་ཤེས་རབ་གསུང་རབ་དངོས་འབུལ་ཁང་བཙུགས། ༢༠༡༠ ལོར་སྤུན་མཆེད་ཚོ་དང་མཉམ་དུ་རང་རང་གིས་ལོ་མང་བོའི་རིང་ལ་ཉར་ཚགས་བྱས་པའི་དཔེ་ཆ་དག་གཞིར་བྱས་ནས་ཆོས་ལུགས་དང་བོད་རིག་པ་སྐོར་གྱི་དཔེ་མཛོད་ཁང་བསྐྲུན། ད་ལྟ་སྔར་བཞིན་ཕྱོགས་སོ་སོར་སློབ་ཁྲིད་བྱེད་ཀྱིན་སློབ་དཔོན་ཐོན་མི་སམ་བྷོ་ཊ་དང་། བོད་ཀྱི་ལོ་རྒྱུས་རིག་པ། བོད་ཀྱི་མི་ཆོས་རིག་པ། ནང་བསྟན་མཚན་ཉིད་རིག་པ། ནང་བསྟན་དང་སྤྱི་ཚོགས་བར་གྱི་འབྲེལ་བ་བཅས་ལ་ཞིབ་འཇུག་བྱེད་བཞིན་ཡོད། ༢༠༡༠ལོ་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གདན་ཞུ་དང་ལེན་གནང་སྟེ་ད་ལྟའི་བར་འཆད་ཁྲིད་ཀྱི་འགན་བཞེས་ཡོད་ལ། སློབ་གླིང་གི་དགེ་རྒན་གྱི་སྡེ་ལ་ཕར་ཕྱིན་དང་དབུ་མ་སོགས་གཞུང་ཆེན་མོ་དག་ཁྲིད་བཞིན་ཡོད། དུས་མཚུངས་སུ་རྒྱ་འགྱུར་བཀའ་བསྟན་ལས་བོད་ཀྱི་བཀའ་བསྟན་གསབ་སྒྱུར་ཚོགས་པ་ཞེས་པར་ཞུགས་ཏེ་བསྟན་པ་ཡང་དར་གྱི་ལོ་ཙྰ་བའི་འགན་བཞེས༼བདེ་བ་ཅན་དུ་སྐྱེ་བའི་སྒོམ་རིམ༽མདོ་སོགས་མདོ་ཚན་བཅུ་ལྷག་བོད་ཡིག་ཏུ་བསྒྱུར་ཅིང་། ད་ལྟའང་ད་དུང་སྒྱུར་བཞིན་ཡོད་དོ།  །


  མདོར་ན་ཁོང་ནི་དོན་ཉུང་བྱ་ཉུང་དང་། འདོད་ཆུང་ཆོག་ཤེས་བསྟེན་ཏེ་བཀའ་གདམས་ཀྱི་སྐྱེ་བུ་གོང་མ་དག་གི་རྣམ་ཐར་ཉམས་བཞེས་མཛད་མཁན་ཞིག་ཡིན་པས། དགེ་སློབ་སུ་ཡིན་ཡང་བརྩི་མཐོང་ཧ་ཅང་ཆེ། ༼ནང་བསྟན་དཔལ་འབྱོར་རིག་པ།༽དང༼ལྷ་འདྲེའི་སྲེད་པས་བདག་གིར་བྱས་པའི་ལྷ་ས༽༼ནང་བསྟན་སློབ་དེབ་སྐལ་བཟང་འཇུག་ངོགས།༽སོགས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་རྒྱ་ཤིན་ཏུ་ཆེ་བར་མ་ཟད། གདེང་འཇོག་ཚད་མཐོན་པོ་ཐོབ་པའི་ཉེ་རབས་ཀྱི་དེབ་ཆེས་ལེགས་ཤོས་སུ་གྱུར་ཡོད།

                                         རླབས་ཆེན་གྱི་བྱ་བཞག་འདིས་རླབས་ཆེན་གྱི་མི་སྣ་མཚོན་ཞེས་པའི་དེབ་ལས་དྲངས།


རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/12/2 བལྟ་ཀློག (31597)