གཡང་འབོད་ཕྱོགས་བསྒྲིགས།

གཡང་འབོད་ཕྱོགས་བསྒྲིགས།

༄༅།། ཀྱཻ་རྒྱལ་བ་ཀུན་གྱི་འཕྲིན་ལས་རྣམས།།

གཅིག་བསྡུས་བླ་མ་རྗེ་བཙུན་མར།།

གུས་པ་ཆེན་པོས་གསོལ་འདེབས་ན།།

བྱིན་རླབས་དངོས་གྲུབ་བསྩལ་ཏུ་གསོལ།།

དབུ་རྒྱན་འོད་ཀྱི་ཕྲེང་བ་ཡིས།།

སྟེང་ཕྱོགས་ལྷ་ཡི་གཡང་ཁུག་ཅིག།

གློག་དང་འདྲ་བའི་སྤྱན་གཉིས་ཀྱིས།།

བར་གྱི་མི་ཡི་གཡང་ཁུག་ཅིག།

གཡས་བསྐུམ་གཡོན་བརྐྱངས་ཞབས་གཉིས་ཀྱིས།།

འོག་ཕྱོགས་ཀླུ་ཡི་གཡང་ཁུག་ཅིག།

མཆོག་སྦྱིན་སྐྱབས་སྦྱིན་ཕྱག་རྒྱ་ཡིས།།

མཆོག་ཐུན་དངོས་གྲུབ་གཡང་ཁུག་ཅིག།

རིན་པོ་ཆེ་ཡི་རྒྱན་མང་གིས།།

འདོད་དགུའི་ལོངས་སྤྱོད་གཡང་ཁུག་ཅིག།

ལྷ་རྫས་དར་གྱི་ན་བཟའ་ཡིས།།

ཚུལ་ཁྲིམས་དག་པའི་གཡང་ཁུག་ཅིག།

རིགས་བདག་ཚེ་དཔག་མེད་མགོན་གྱིས།།

འཆི་མེད་ཚེ་ཡི་གཡང་ཁུག་ཅིག།

ཉེར་གཅིག་ལྷ་མོའི་ཚོགས་རྣམས་ཀྱིས།།

འཕྲིན་ལས་སྣ་ཚོགས་གཡང་ཁུག་ཅིག།

བསྡུ་ན་དེ་ཙམ་གྱིས་ཆོག་ལ་རྒྱས་པར་སྤྲོ་ན།

དམར་མོ་ཁྲོ་ཞིང་ཆགས་པའི་ཉམས།།

རྗེ་བཙུན་མྱུར་མ་དཔལ་མོ་ཡིས།།

དགྲ་དང་ལོག་འདྲེན་མ་རུང་བ།།

དབང་དུ་སྡུད་པའི་གཡང་ཁུག་ཅིག།

སྟོན་ཀའི་ཟླ་ལྟར་དཀར་མདངས་ཅན།།

རྗེ་བཙུན་ཞི་བ་ཆེན་མོ་ཡིས།།

ནད་གདོན་སྡིག་སྒྲིབ་མ་ལུས་པ།།

མྱུར་དུ་ཞི་བའི་གཡང་ཁུག་ཅིག།

ཉི་མ་སྟོང་གི་འོད་ཟེར་ཅན།།

རྗེ་བཙུན་གསེར་གྱི་མདོག་ཅན་མས།།

ཚེ་དང་ལོངས་སྤྱོད་མ་ལུས་པ།།

འཕེལ་ཞིང་རྒྱས་པའི་གཡང་ཁུག་ཅིག།

སེར་མོ་གཟི་བརྗིད་རབ་འབར་བ།།

རྗེ་བཙུན་རྣམ་པར་རྒྱལ་མ་ཡིས།།

བསྐལ་བ་སྟོང་ཕྲག་དུ་མ་རུ།།

འཆི་མེད་ཚེ་ཡི་གཡང་ཁུག་ཅིག།།

བྱུ་རུའི་མདོག་ཅན་ཆགས་པའི་ཉམས།།

རྗེ་བཙུན་ཧཱུཾ་སྒྲ་སྒྲོག་མ་ཡིས།།

ཁམས་གསུམ་སྐྱེ་འགྲོ་མ་ལུས་པ།།

དབང་དུ་སྡུད་པའི་གཡང་ཁུག་ཅིག།

དམར་ནག་ཅུང་ཟད་ཁྲོས་པའི་ཉམས།།

འཇིག་རྟེན་གསུམ་ལས་རྣམ་རྒྱལ་མས།།

གདུག་ཅན་འབྱུང་བོ་ཚར་གཅོད་ཅིང་།།

བྲན་དུ་བྱེད་པའི༜༜༜།།

སྐུ་མདོག་ནག་མོ་ཞལ་གདངས་པ།།

གཞན་མཐུ་འཇོམས་པའི་རྗེ་བཙུན་མས།།

ཕ་རོལ་བྱད་ཕུར་མནན་གཏད་ཀུན།།

བཟློག་ཅིང་བསྒྱུར་བའི༜༜༜།།

དམར་ནག་ཁྲོ་གཉེར་བསྡུས་པའི་ཞལ།།

བདུད་དང་དགྲ་བོ་འཇོམས་བྱེད་མས།།

མ་རུང་དགྲ་བོ་ཚར་གཅོད་པའི།།

དྲག་པོ་མཐུ་ཡི༜༜༜།།

དཀོན་མཆོག་གསུམ་མཚོན་ཕྱག་རྒྱ་ཅན།།

དཀར་མོ་ཞི་བའི་ཉམས་ལྡན་མས།།

ནད་དང་སྡུག་བསྔལ་ཐམས་ཅད་ལས།།

བསྲུང་ཞིང་སྐྱོབ་པའི་༜༜༜།།

དམར་མོ་དགྱེས་པའི་ཉམས་ལྡན་མ།།

འཇིག་རྟེན་དབང་དུ་སྡུད་མཛད་མ།།

གང་ལ་དགའ་བའི་དངོས་པོ་ཀུན།།

དབང་དུ་སྡུད་པའི་༜༜༜།།

སྐུ་མདོག་དམར་སེར་འོད་ཟེར་འབར།།

ཁྲོ་གཉེར་གཡོ་ཞིང་ཧཱུྃ་གི་སྒྲས།།

དབུལ་ཞིང་ཕོངས་པ་སེལ་མཛད་མ།།

རྫེ་བཙུན་མ་ལ་གསོལ་བ་འདེབས།།

གསེར་དངུལ་ལོངས་སྤྱོད་ནོར་དང་འབྲུ།།

ཁ་ཟས་གོས་རྒྱན་རྐང་འགྲོ་ཕྱུགས།།

རྣམ་ཐོས་སྲས་ལ་འགྲན་པ་ཡི།།

འདོད་དགུ་གཏེར་གྱི་གཡང་༜༜༜།།

གསེར་གྱི་མདོག་ཅན་ཡིད་འོང་མ།།

བཀྲ་ཤིས་ཀུན་འབྱུང་རྫེ་བཙུན་མས།།

འཇིག་རྟེན་འཇིག་རྟེན་འདས་པ་ཡི།།

བཀྲ་ཤིས་བདེ་ལེགས་གཡང་༜༜༜།།

སྐུ་མདོག་དམར་ཞིང་སྤྱན་གསུམ་བགྲད།།

མེ་ལྟར་འབར་མ་རྗེ་བཙུན་མས།།

བགེགས་དང་ལོག་འདྲེན་བར་ཆད་ཀྱིས།།

མི་ཚུགས་བསྲུང་བའི་གཡང་༜༜༜།།

སྐུ་མདོག་དམར་མོ་ཅུང་ཟད་ཁྲོ།།

ཁྲོ་གཉེར་ཅན་མ་རྗེ་ནཙུན་མས།།

དགྲ་བགེགས་བྱད་མ་ཚད་གཅོད་ཅིང་།།

མཆོག་མཐུན་དངོས་གྲུབ་གཡང་༜༜༜།།

སྟོན་ཀའི་ཟླ་བའི་མདོག་ཅན་མ།།

བདེ་མ་དགེ་མ་ཞི་མཛད་མས།།

སྡིག་དང་ལྟུང་བ་ཀུན་ཞི་བའི།།

ཐར་བ་མཆོག་གི་གཡང་༜༜༜།།

དམར་མོ་འོད་ཟེར་རབ་འབར་བ།།

རིག་པ་ཧཱུྃ་ལས་སྒྲོལ་མ་ཡིས།།

གཞུང་ལུགས་ཀུན་ལ་ཐོགས་མེད་པའི།།

ཤེས་རབ་མཆོག་གི་གཡང་༜༜༜།།

གུར་གུམ་མདོག་ཅན་ཞི་མ་ཁྲོ།།

འཇིག་རྟེན་གསུམ་གཡོ་རྗེ་བཙུན་མས།།

དགྲ་དང་ཆོམ་རྐུན་མ་ལུས་པ།།

འཆིང་བར་བྱེད་པའི་གཡང་༜༜༜།།

གངས་རིའི་མདོག་ཅན་ཞི་བའི་ཉམས།།

དུག་སེལ་བྱེད་མ་རྗེ་བཙུན་མས།།

བརྟན་དང་གཡོ་བའི་དུག་རྣམས་ཀུན།།

མ་ལུས་འཇོམས་པའི་གཡང་༜༜༜།།

དུང་གི་འཁྲི་ཤིང་གཞོན་ནུ་བཞིན།།

སྡུག་བསྔལ་སེལ་བའི་རྗེ་བཙུན་མས།།

རྩོད་དང་རྨི་ལམ་ངན་པ་སོགས།།

ཐམས་ཅད་ཞི་བའི་གཡང་༜༜༜།།

གུར་གུམ་གསར་བའི་མེ་ཏོག་བཞིན།།

རིམས་ནད་སེལ་བའི་རྗེ་བཙུན་མས།།

མི་བཟད་ནད་དང་རིམས་ནད་ཀུན།།

མྱུར་ཏུ་ཞི་བའི་གཡང་༜༜༜།།

ཟླ་བ་སྟོང་གི་འོད་ཟེར་ཅན།།

འཕྲིན་ལས་ཡོངས་རྫོགས་རྗེ་བཙུན་མས།།

འདོད་དགུའི་དངོས་གྲུབ་མ་ལུས།།

ཆར་བཞིན་འབེབ་པའི་གཡང་༜༜༜།།

རྒྱས་བསྡུས་གཉིས་པོ་གང་ཡིན་ཀྱང་།

ཀྱཻ་ ཚངས་པ་བརྒྱ་བྱིན་ལ་སོགས་པ།།

ལྷ་ཡི་བསོད་ནམས་དཔལ་འབྱོར་གཡང་།།

དར་དཀར་གཡབ་ཅིང་སྤྱན་འདྲེན་ན།།

གནས་འདིར་ཕྱྭ་དང་གཡང་ལ་བྱོན།།

དགའ་བོ་འཇོག་པོ་ལ་སོགས་པ།།

ཀླུ་ཡི་མི་ཟད་གཏེར་གྱི་གཡང་།།

དར་དཀར༜༜ གནས་འདིར༜༜

འཁོར་ལོ་སྒྱུར་བའི་རྒྱལ་བོ་སོགས།།

བར་གྱི་མི་ཡི་ཕྱུགས་གཡང་དེ།།

དར་དཀར༜༜ གནས་འདིར༜༜

རྟ་ནོར་ར་ལུག་ལ་སོགས་པ།།

སྒོ་ན་རྐང་བཞི་ཕྱུགས་ཀྱི་གཡང་།།

དར་དཀར༜༜ གནས་འདིར༜༜

གསེར་དངུལ་དར་ཟབ་ལ་སོགས་པ།།

ཕུག་ན་ནོམ་རྫས་འབྱོར་བའི་གཡང་།།

དར་དཀར༜༜ གནས་འདིར༜༜

བུ་དང་ཚ་བོ་ཡང་ཚ་སོགས།།

བར་ན་མགོ་ནག་མི་ཡི་གཡང་།།

དར་དཀར༜༜ གནས་འདིར༜༜

ཕ་རོལ་མི་མཐུན་དཔུང་འཇོམས་པའི།།

སྙིང་སྟོབས་ལྡན་པའི་དཔའ་རྩལ་གཡང་།།

དར་དཀར༜༜ གནས་འདིར༜༜

མི་མཐུན་ཞི་བའི་བཀྲ་ཤིས་གཡང་།།

མཐུན་རྐྱེན་འཛོམས་པའི་ཕུན་ཚོགས་གཡང་།།

དར་དཀར༜༜ གནས་འདིར༜༜

མདོར་ན་སྔོན་བསགས་བསོད་ནམས་ཀྱི།།

ས་བོན་བྱིན་རླབས་གྲུབ་ཆར་གྱི།།

བསྐྱངས་པའི་དོན་གཉིས་ལོ་དོག་གི།

རེ་བའི་བུང་བ་གང་བར་ཤོག། །།

     ཅེས་པ་འདི་ནི་ཁོ་ཚེའི་གྲྭ་རིགས་དཔྱོད་ལྡན་བསམ་འགྲུབ་རྒྱ་མཚོས་བསྐུལ་ངོར༧ དགེ་སློང་བསྟན་པ་རྒྱ་མཚོས་སྦྱར་བ་ཡི་གེ་བ་ནི་དཀའ་བཅུ་བསྟན་འཛིན་རབ་རྒྱས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།




༼  ༢  ༽

ཀྱཻ་ཕུན་ཚོགས་བཀྲ་ཤིས་འཁྱིལ་བའི་གནས་མཆོག་འདིར།།

འདོད་པའི་མཆོག་སྟེར་ཕྱྭ་དང་གཡང་གི་ཚོགས།།

ཁབ་ལེན་རྡོ་དང་ལྕགས་ཀྱི་སྣང་ཚུལ་བཞིན།།

དགའ་བའི་གར་དང་བཅས་ཏེ་ཐོགས་མེད་ཁུགས།།

གསེར་མངལ་མགྲིན་སྔོན་འཁོར་ལོའི་ལག་པ་ཅན།།

གྲགས་པའི་མུ་ཁྱུད་འཁོར་ལོའི་སྒྱུར་བ་སོགས།།

སྲིད་འདིར་མངོན་པར་མཐོ་བའི་ཚོགས་རྣམས་ཀྱི།།

ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ།།

ལེགས་བྲིས་ཚོགས་ཀྱི་འཆི་མེད་བཏུང་བ་དང་།།

ཀླུ་དབང་གཙུག་གི་ཡིད་བཞིན་ནོར་བུ་མཆོག།

མི་དབང་སྔོན་འགྲོའི་རྒྱལ་སྲིད་སྣ་བདུན་གྱི།།

ཕྱྭ་གཡང་དཔལ་འབྱོར་སྙན་གྲགས་མ་ལུས་སྩོལ།།

རིན་ཆེན་གདུགས་དཀར་གསེར་ཉ་བུམ་པ་བཟང་།།

པདྨ་དུང་དཀར་གཡས་འཁྱིལ་དཔལ་བེའུ།།

རྒྱལ་མཚན་འཁོར་ལོ་བཀྲ་ཤིས་རྟགས་བརྒྱད་ཀྱི།།

ཕྱྭ་གཡང༜༜༜སྩོལ།།

རྣམ་འདྲེན་ཟས་གཙང་སྲས་པོས་བཀྲ་ཤིས་པའི།།

དངོས་པོར་བྱིན་བརླབས་དགེ་ལེགས་འབྱུང་བའི་སྒོ།།

རྟེན་འབྲེལ་ལྷུན་གྱིས་གྲུབ་པའི་རྫས་བརྒྱད་ཀྱི།།

ཕྱྭ་གཡང༜༜༜སྩོལ།།

ཚེ་རིང་ནད་མེད་འདོད་པའི་དོན་ཀུན་འགྲུབ།།

སྟོབས་དང་མངའ་ཐང་འབྱོར་བ་ཕུན་སུམ་ཚོགས།།

བདེ་ཞིང་སྐྱིད་པའི་དགའ་སྟོན་ཐམས་ཅད་ཀྱི།།

ཕྱྭ་གཡང་༜༜༜སྩོལ།།

བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན།།

སྙན་གྲགས་ཆེན་པོ་ནམ་མཁའ་བཞིན་དུ་ཁྱབ།།

ཚེ་རིང་ནད་མེད་གཞན་དོན་ལྷུན་གྱིས་གྲུབ།།

ཡོན་ཏན་རྒྱ་མཚོའི་མཆོག་གི་གཡང་ཁུགས་ཅིག།

བྱང་ཕྱོགས་སྐྱོང་བའི་རྒྱལ་བོ་རྣམ་ཐོས་སྲས།།

ནོར་གྱི་བདག་པོ་ཨརྱ་ཛཾ་བྷ་ལྷ།།

དབུལ་བ་སེལ་བྱེད་ལྷ་མོ་ནོར་སྦྱིན་མ།།

ནོར་ལྷ་གཏེར་བདག་རྣམས་ཀྱི་ཕྱྭ་གཡང་སྩོལ།།

འབད་དང་རྩོལ་བ་མི་དགོས་པའི།།

ཡིད་བཞིན་ནོར་བུ་དཔག་བསམ་ཤིང་།།

སེམས་ཅན་རེ་བ་སྐོང་མཛད་པའི།།

བསམ་པ་འགྲུབ་པའི་གཡང་ཁུགས་ཅིག། །།སརྦ་མངྒ་ལཾ།





༼ ༣ ༽

ཨོཾ་མཆོག་གསུམ་ངོ་བོ་རྩ་བརྒྱུད་བླ་མ་དང་།།

ཡི་དམ་རྗེ་བཙུན་སྒྲོལ་མའི་བྱིན་རླབས་མཐུས།།

བདག་གི་ཡིད་ལ་ཇི་ལྟར་བསམ་པའི་དོན།།

གེགས་མེད་མྱུར་དུ་འགྲུབ་པར་མཛད་དུ་གསོལ།།

བླ་མ་ལྷ་མཆོག་འཕགས་མའི་ཐུགས་བསྐྱེད་དང་།།

ནོར་ལྷ་གཏེར་བདག་རྣམས་ཀྱི་བྱིན་མཐུ་ཡིས།།

རྣམ་འདྲེན་སྲས་གཙང་སྲས་པོའི་ཆོས་ཀྱི་གཡང་།།

འདུས་ནས་དགེ་བཅུའི་ཁྲིམས་གཙང་དར་གྱུར་ཅིག།

ཕྱོགས་བཅུ་ཀུན་ཏུ་དགེ་ལེགས་སྒོ་འབྱེད་པའི།།

བཀྲ་ཤིས་རྫས་བརྒྱད་རྒྱལ་སྲིད་སྣ་བདུན་གཡང་།།

སྤྲིན་བཞིན་འདུས་ཤིང་རྩི་ཤིང་ལྟར་རྒྱས་ནས།།

ཆོས་མཐུན་འཚོ་བ་ངོམས་མེད་སྤྱོད་པར་ཤོག།

འོ་མའི་རྒྱུན་འཛིན་གནག་ཕྱུགས་གཡང་དཀར་ལུག།

ཅང་ཤེས་རྟ་བོ་སྲོག་ཆགས་གྲངས་མེད་ཀྱི།།

ཕྱྭ་གཡང་སྤྲིན་བཞིན་འཐིབས་ནས་རབ་ཡངས་པའི།།

ར་བ་ཕྱུགས་ཀྱིས་གང་བའི་དཔལ་སྩོལ་ཅིག།

གསེར་དངུལ་ཟངས་ལྕགས་ལ་སོགས་རིན་ཆེན་རིགས།།

ནས་འབྲས་གྲོ་སོགས་འབྲུའི་རིགས་དཔག་མེད་ཀྱི།།

ཕྱྭ་གཡང་དཔལ་འབྱོར་ལེགས་ཚོགས་ཇི་སྙེད་ཀུན།།

མ་བསྡུས་འདུས་བཞིན་བང་མཛོད་གང་གྱུར་ཅིག།

སྲབ་འཇམ་གོས་བཟང་པགས་རིགས་སྣ་ཚོགས་དང་།།

རྣོ་ངར་མཚོན་ཆ་སྲ་བརྟན་གོ་ཆའི་རིགས།།

ལུས་ལ་གྱོན་པའི་གོས་གཡང་ཆུ་བོ་ཡི།།

རྒྱུན་བཞིན་ཆད་མེད་དཔལ་གྱིས་འཚོ་བར་ཤོག།

བླ་མ་ལྷ་མཐུས་བརྣབ་སེམས་དང་བྲལ་བར།།

ཆོས་མཐུན་འཚོ་བས་དགེ་འདུན་སྡེ་སྐྱོང་བའི།།

མཐུན་རྐྱེན་དཔལ་འབྱོར་དབྱར་མཚོ་ལྟར་རྒྱས་ཏེ།།

བཤད་སྒྲུབ་བསྟན་པ་དར་ཞིང་རྒྱས་གྱུར་ཅིག།

མདོར་ན་ཅི་བྱས་ལེགས་པའི་ལམ་དུ་སོང་།།

ཅི་བསམ་འདོད་པའི་དོན་ཀུན་མྱུར་དུ་འགྲུབ།།

བཀྲ་ཤིས་དགེ་མཚན་བྱེ་བའི་འོད་སྣང་གིས།།

ཡིད་དབང་པདྨའི་འདབ་བརྒྱ་བཞད་གྱུར་ཅིག།

བསླུ་མེད་མཆོག་གསུམ་སྤྱི་དང་རྗེ་བཙུན་མ།།

རྒྱལ་ཡུམ་འཕགས་མ་སྒྲོལ་མའི་བྱིན་མཐུ་ཡིས།།

བདག་གི་ཚེ་བསོད་དཔལ་འབྱོར་སྙན་གྲགས་རྣམས།།

ཡར་ངོའི་ཟླ་དང་དབྱར་གྱི་མཚོ་བཞིན་འཕེལ།།

ཁྱད་པར་ཁ་རྗེ་དབང་ཐང་རླུང་རྟ་རྣམས།།

ཉམས་པ་སོས་ཤིང་ཆད་འཐུད་འགྱེལ་བ་སློང་།།

ཅི་བྱས་ལེགས་པའི་ལམ་དུ་འགྲོ་བ་དང་།།

ཚེ་རིང་ནད་མེད་བདེ་དང་ལྡན་གྱུར་ཅིག །



            སྒྲོལ་མའི་གཡང་འབོད།


 

མཆོག་གསུམ་སྤྱི་དང་ཁྱད་པར་རྗེ་བཙུན་མ།།

འཕགས་པ་ཛམྦྷ་ལྷ་དང་ནོར་སྦྱིན་མ།།

རྣམ་མང་ཐོས་སྲས་རྟ་བདག་བརྒྱད་ལ་སོགས།།

ཕུན་ཚོགས་ཕྱྭ་གཡང་འགུགས་པའི་མགོན་དུ་བྱོན།།

ཚངས་དབང་ཁྱབ་འཇུག་ཉི་ཟླ་ལ་སོགས་པ།།

སྟེང་ཕྱོགས་ལྷ་ཡི་བསོད་ནམས་དཔལ་འབྱོར་གཡང་།།

དགའ་བོ་འཇོག་པོ་གཙུག་ན་རིན་ཆེན་སོགས།།

འོག་ཕྱོགས་ཀླུ་ཡི་དཔལ་འབྱོར་གཡང་ཁུག་ཅིག།

འཁོར་ལོ་སྒྱུར་བའི་རྒྱལ་བོ་ལ་སོགས་པ།།

བར་གྱི་མི་ཡི་གསེར་དངུལ་དར་ཟབ་གཡང་།།

བུ་དང་ཚ་བོ་ཡང་ཚ་ལ་སོགས་པ།།

རིགས་རྒྱུད་ཕུན་སུམ་ཚོགས་པའི་གཡང་ཁུག་ཅིག།

རྒྱ་གར་རྒྱ་ནག་བོད་ཡུལ་ལ་སོགས་པའི།།

ཆ་བྱད་སྐད་རིགས་སྣ་ཚོགས་འབྱོར་བའི་གཡང་།།

དམ་ཆོས་སྒྲུབ་དང་མི་མཐུན་དཔུང་འཇོམས་པའི།།

དཔའ་བརྟན་འགྱུར་མེད་སྙིང་སྟོབས་གཡང་ཁུག་ཅིག།

མྱུར་མགྱོགས་ཤུགས་ལྡན་རྟ་མཆོག་ཅང་ཤེས་དང་།།

གནག་ལུག་ལ་སོགས་རྐང་བཞི་ཕྱུགས་ཀྱི་གཡང་།།

གྲོ་ནས་འབྲས་དཀར་ཏིལ་སྲན་འབྲུ་རིགས་དང་།།

མངར་གསུམ་ཤིང་ཐོག་ཟས་ཀྱི་གཡང་ཁུག་ཅིག།

སྲབ་འཇམ་དྲོད་ལྡན་མདོག་ལེགས་གོས་མཆོག་དང་།།

བཅུད་ལྡན་བདུད་རྩིའི་འོ་ཞོ་བཏུང་བའི་གཡང་།།

ཡིད་བཞིན་ནོར་དང་གསེར་དངུལ་རིན་ཆེན་བདུན།།

རིན་ཐང་ཆེ་བའི་ནོར་གྱི་གཡང་ཁུག་ཅིག།

མདོར་ན་སྔོན་བསགས་མཆོད་སྦྱིན་བསོད་ནམས་འབྲས།།

མཆོག་གསུམ་ནོར་ལྷའི་བྱིན་རླབས་གྲུ་ཆར་གྱིས།།

དུས་ལས་ཡོལ་བ་མེད་པར་བསྐྱངས་པ་ལས།།

རང་གཞན་དོན་གཉིས་འགྲུབ་པའི་གཡང་ཁུག་ཅིག།


༄༅། །ཨོཾ་ཡེ་དྷ་རྨཱ་ཧེ་ཏུ་པྲ་བྷ་ཝཱ་ཏེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ན་ཡེ་སྭཱ་ཧཱ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱཧཱ།

རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/12/5 བལྟ་ཀློག (24412)