ཁ་བ་རི་བའི་ཆེས་ཐོག་མའི་དྲ་ལམ་སློབ་ཁྲིད་དབུ་བརྙེས་པའི་གསལ་བརྡ།

ཁ་བ་རི་བའི་ཆེས་ཐོག་མའི་དྲ་ལམ་སློབ་ཁྲིད་དབུ་བརྙེས་པའི་གསལ་བརྡ།

དང་པོ། ངོ་སྤྲོད་མདོར་བསྡུས།

དེ་ཡང་ཚན་རྩལ་རིག་གནས་ཀྱི་འཕེལ་རྒྱས་རབ་ཏུ་མྱུར་བས་འཛམ་གླིང་ཧྲིལ་བོ་ཆ་འཕྲིན་ཅན་དང་སྟབས་བདེ་ཅན་དུ་སྒྱུར་བའི་དུས་ཀྱི་དཀྱོག་མཚམས་འདིར།  ཆ་འཕྲིན་རིག་གནས་ལས་སྦྱང་བ་བྱེད་འདོད་པའི་མི་བུ་བགྲངས་སུ་མི་བཏུབ་ལ།  ང་ཚོ་བོད་རིགས་གཞོན་སྐྱེས་དག་གི་ཁྲོད་དུ་ཡང་རང་ཉིད་ཆ་འཕྲིན་ལག་རྩལ་བ་ཞིག་ཏུ་འགྱུར་ན་འདོད་པའི་རྨི་ལམ་ཡོད་མཁན་ནི་རབ་ཏུ་མང་།  རེད་དེ་བོད་རང་ལ་ཆ་འཕྲིན་རིག་གནས་སྦྱང་བའི་ཁོར་ཡུག་ལེགས་པོ་ཞིག་མེད་པ་དང་། རྒྱལ་ནང་གི་སློབ་གྲྭ་གཞན་པ་ཁག་ཏུ་སློབ་ཡོན་སོགས་ཀྱི་ཆ་རྐྱེན་མང་དྲགས་པས་རྨི་ལམ་དེ་ཉིད་མངོན་འགྱུར་བྱུང་མེད་མཁན་དག་གི་ཆེད་དུ་ངེད་ནོར་བཟང་ཚན་རྩལ་རིག་གནས་ཁྱབ་སྤེལ་ལྟེ་གནས་དང་། ལམ་འགྲོ་ཚོང་དོན་ཚད་ཡོད་སྤྱི་གཉེར་ཁང་སོགས་མཉམ་འབྲེལ་བྱས་ཏེ་ཆེས་ཐོག་མའི་ཁ་བ་རི་བའི་དྲ་ལམ་སློབ་ཁྲིད་ཀྱི་བྱ་བཞག་འདི་དངོས་སུ་མགོ་བརྩམས་པ་ཡིན།  འདིས་ནི་ཁྱེད་ལ་རང་ཁྱིམ་ནས་སློབ་གསོ་མྱོང་བའི་ཆ་འཕྲིན་དུས་རབས་ཀྱི་ལེགས་ཆ་དང་།  རྒྱལ་ཕྱི་ནང་གི་ཆེད་ལས་མི་སྣའི་མི་ཚེའི་སློབ་སྦྱོང་གི་གོ་རིམ་ལོངས་སུ་སྤྱོད་དུ་འཇུག་ངེས། 


དང་པོ། སློབ་ཁྲིད་ཀྱི་སྐོར།

   ༡ ཐེངས་འདིར་ང་ཚོས་སློབ་བུ་ལས་དང་པོ་བ་དག་ལ་དམིགས་ནས་འཛམ་གླིང་ན་སྙན་གྲགས་འབར་བའི་adobeལས་ཁང་གི་ཕུལ་བྱུང་ཐོན་རྫས་photoshopཔར་ལས་མཉེན་ཆས་དང་། Corelལས་ཁང་གི་ཕུལ་བྱུང་ཐོན་རྫས་Coreldrawགཉིས་ཀྱི་རྨིང་གཞིའི་སློབ་ཁྲིད་དང་། དེ་གཉིས་ཟུང་འབྲེལ་བྱས་ནས་སྒྲིག་སྦྱོར་ཇུས་འགོད་ཀྱི་ལས་གཞི་སྣ་ཚོགས་ལ་འཇུག་པའི་ལས་ཐོག་ཉམས་མྱོང་གི་མན་ངག་སྣ་ཚོགས་མཉམ་སྤྱོད་བྱ་ཆོག 

   ༢ ཆ་འཕྲིན་རིག་གནས་ལ་སྦྱང་བ་བྱེད་འདོད་མཁན་ཞིག་ཡིན་ཚེ་དབྱིན་ཡིག་ནི་ངེས་པར་ཤེས་དགོས་པའི་སྐད་ཡིག་ཅིག་ཡིན་པས་ང་ཚོས་ཆེད་དུ་ཨོ་སོ་ཁྲི་རི་ཡའི་ཞིབ་འཇུག་མི་སྣ་གདན་འདྲེན་བྱས་ཏེ་དབྱིན་ཡིག་གི་རྨིང་གཞིའི་སློབ་ཁྲིད་བྱེད་རྒྱུ་ཡིན་ཞིང་། ལོ་མང་དབྱིན་ཡིག་སློབ་ཁྲིད་ཀྱི་ཉམས་མྱོང་དང་། བོད་རང་གི་ཕ་སྐད་གཙང་མའི་སློབ་ཁྲིད་ཀྱིས་ཁྱེད་ལ་དབྱིན་ཡིག་སློབ་སྦྱོང་གི་བྲོ་བ་གསར་བ་ཞིག་མྱོང་དུ་འཇུག་ངེས།

གཉིས་པ།  ཆ་རྐྱེན་གྱི་སྐོར།

   ང་ཚོའི་སློབ་སྦྱོང་འདིར་ཞུགས་པར་རྨང་གཞི་བཟང་ངན་དང་། ལས་རིགས་མཐོ་དམན་སོགས་ཆ་རྐྱེན་གྱི་སྡོམ་རྒྱ་གཏན་ནས་མེད་ཅིང་། ཁྱེད་ལ་སྐུད་མེད་དྲ་བའམ་4Gདྲ་བ་གང་རུང་ཡོད་ཚེ་ཁ་པར་དང་རྩིས་འཁོར་ཡོད་ཚད་ཀྱི་ནང་ནས་ང་ཚོའི་སློབ་ཁྲིད་ལོངས་སུ་སྤྱོད་ཆོག།

བཞི་པ།  སློབ་ཡོན་སྐོར།

   སྤྱིར་ང་ཚོས་བོད་ཁ་བ་ཅན་པའི་ཚན་རྩལ་རིག་གནས་ཀྱི་འཕེལ་རྒྱས་ཆེད་དུ་སློབ་ཁྲིད་འདི་རིན་མེད་ངང་སྤེལ་བའི་ལྟ་གོན་བྱས་པ་ཡིན་མོད། ཆེད་ལས་མི་སྣ་གདན་འདྲེན་དང་དྲ་ལམ་སློབ་ཁྲིད་མཉེན་ཆས་ཀྱི་མཉམ་འབྲེལ་བྱེད་རིན་སོགས་སུ་དམངས་སྒོར་ཉིས་བརྒྱ་ལྔ་བཅུའི་སློབ་ཡོན་ལེན་རྒྱུ་བྱས་ཡོད།  སྐབས་དང་པོའི་སློབ་ཁྲིད་ལ་ཞུགས་པའི་སློབ་མ་དག་སྐབས་གཉིས་པར་རིན་མེད་ངང་ཞུགས་ཆོག

བཞི་པ། མིང་ཐོ་འགོད་སྟངས། 

   ང་ཚོའི་དྲ་ལམ་སློབ་ཁྲིད་ཀྱི་འགན་ཁུར་མི་སྣས་མིང་ཐོ་འགོད་རྒྱུ་སྟབས་བདེ་ཡོང་ཆེད། ཆེད་ལས་ཐོ་འགོད་དྲ་བ་བཟོས་ཡོད་པས། སྐུ་ཉིད་དྲ་ཚིགས་འདིར་ཕེབས་ནས་མིང་ཐོ་འགོད་ཆོག་ལ། མིང་ཐོ་བཀོད་རྗེས་སུ་དྲ་ལམ་དེར་གསལ་བའི་དངུལ་བྱང་ཨང་གྲངས་སྟེང་དུ་སློབ་ཡོན་བསྐུར་རྒྱུ་དང་། དྲ་བའི་དོ་དམ་པར་འབྲེལ་བ་བྱས་ཏེ་རང་ཉིད་ཀྱི་སློབ་ཨང་ལེན་དགོས། ང་ཚོས་མིང་ཐོ་བཀོད་རྗེས་སུ་གནད་དོན་མི་འབྱུང་བའི་ཆེད་དུ་དྲ་ཚིགས་རྒྱ་ཡིག་གིས་བཟོས་ཡོད་པས་རྒྱ་ཡིག་མི་མཁྱེན་མཁན་དག་གིས་ཐད་ཀར་ངེད་དྲ་བའི་དོ་དམ་པར་འབྲེལ་བ་བྱས་ཏེ་མིང་ཐོ་འགོད་ཆོག

དོ་དམ་པའི་ཁ་པར། 18783607782  དྲ་ཚིགས། www.norrang.com

   མིང་ཐོ་འགོད་པའི་དུས་ཡུན་ནི་སྤྱི་ཟླ་༡༢པའི་ཚེས་༢༢ནས་ཚེས་སྤྱི་ཟླ་༡པོའི་ཚེས་༣བར་ཉིན་བཅུའི་རིང་ཡིན་ལ། དུས་ལྟར་མིང་ཐོ་འགོད་མ་ཐུབ་པ་དག་ཐེངས་འདིའི་སློབ་ཁྲིད་ལ་ཞུགས་པའི་ཐོབ་ཐང་མེད་པས་དེ་ལུགས་ཐུགས་ལ་འཛིན་རོགས།  

ལྔ་པ། སློབ་ཁྲིད་དུས་ཚོད་ཀྱི་སྐོར། 

  ང་ཚོས་གདན་ཞུ་བྱས་པའི་ཆེད་ལས་མི་སྣ་དག་དང་འབྲེལ་བ་བྱས་པ་བརྒྱུད་སྤྱི་ལོ་༢༠༡༥ ལོའི་ཟླ་༡པའི་ཚེས་༥ལ་སློབ་ཁྲིད་དངོས་གསུ་མགོ་རྩོམ་རྒྱུ་དང་སློབ་ཁྲིད་དུས་ཡུན་ཉིན་ཉི་ཤུའི་བར་ཡིན།

གཞན་སློབ་ཁྲིད་བྱེད་པའི་དུས་ཚོད་དང་སློབ་ཁྲིད་རྒྱུ་ཆ་སོགས་ང་ཚོས་ཆེད་ལས་མི་སྣ་དང་གྲོས་མོལ་བྱས་རྗེས་སུ་རིམ་པས་སྤེལ་འོང་།


རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/12/22 བལྟ་ཀློག (26958)