དཔལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་།


དཔལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་།


      དེ་ཡང་༧དཔལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་ཞེས་སྙན་པའི་མཚན་གྱི་བ་དན་དཀར་པོ་སྲིད་པའི་ཁྱོན་ན་ལྷང་ངེར་ལྡིར་བའི་ཆོས་གླིང་ཆེན་པོ་འདི་ཉིད་ནི་ཡོངས་སུ་གྲགས་པའི་པཎ་ཆེན་བི་མའི་རྣམ་སྤྲུལ་༧ཀུན་མཁྱེན་ངག་གི་དབང་པོའི་ཐུགས་སྲས་ཀ་ཆེན་ལྔ་ཡི་ནང་ཚན་ཚེ་གཅིག་སྒྲུབ་པར་ཉམས་སུ་གཞོལ་ཞིང་གྲུབ་པའི་ས་ལམ་མཐོན་པོར་མངོན་པར་གཤེགས་པའི་༧གྲུབ་ཆེན་རིག་འཛིན་དབང་ཕྱུག་གི་ཐུགས་སྲས་དྭངས་མ་གྲུབ་པའི་དབང་ཕྱུག་༧འཇམ་དབྱངས་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནམ་བླ་མ་རིན་པོ་ཆེ་ཨ་ཁྱུག་མཆོག་གིས་རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་ལུང་ཇི་བཞིན་ལྟར།  ཇི་སྐད་དུ་དེ་ཉིད་ལས།   མ་འོངས་མདོ་ཁམས་ཤར་ཕྱོགས་སུ། །ལུང་ཁ་ནུབ་བསྟན་མདའ་རུ་ཆོས་གྲྭ་ཡོད། །གཡས་རི་གཡུ་འབྲུག་འཁྱུག་འདྲ་ཡོད། །གཡོན་རི་སེང་གེ་འགྱིང་འདྲ་ཡོད། །པདྨའི་སྒྲུབ་གནས་ལྷ་རིའི་མདུན། །ཞེས་པ་ལྟར་ཇི་སྐད་གསུངས་པའི་གནས་ཀྱི་བཀོད་པ་ཇི་བཞིན་ཚང་བའི་མདོ་ཁམས་དཀར་མཛེས་དཔལ་ཡུལ་རྫོང་ཁྲོཾཿལྗོངས་གཡང་གི་ར་བར་ཕྱི་ལོ་༡༩༨༤ལོར་ཕྱག་བཏབ་གནང་མཛད་པ་ནས་ད་བར་མི་ལོ་སུམ་ཅུའི་གཡས་གཡོན་གྱི་ལོ་རྒྱུས་མཆིས།
       
ཤིན་ཏུ་ཉུང་བའི་མི་ལོ་དེ་དག་ནང་བསམ་ཡུལ་ལས་འདས་པའི་སློབ་མའི་འཕར་ཚད་དང་དགོན་པའི་རྒྱ་བསྐྱེད་ནི་ཧ་ལས་དགོས་པའི་ཡུལ་དུ་གནས་ཡོད།   ཆོས་སྒར་འདིར་ཁྱོན་གླིང་བཅུ་གཅིག་ལ་ཕྱེ་ཡོད་པ་ནི་གྲྭ་པའི་བཞུགས་གནས་ཨོ་རྒྱན་བསམ་གཏན་གླིང་།   དེ་ལ་གླིང་ཕྲན་ལྔ་ཡོད་ཅིང་གླིང་རེར་རིགས་ལྔའི་ཕྱག་མཚན་གྱི་གླིང་རྟགས་རེ་ཡོད།   དེ་ཡང་དང་པོ་རིགས་པ་རང་གྲོལ་གླིང་།    གླིང་རྟགས་འཁོར་ལོས་མཚན་པ།    གཉིས་པ་ཆོས་ཉིད་འོད་གསལ་གླིང་།    གླིང་རྟགས་རྡོ་རྗེས་མཚན་པ།    གསུམ་པ་འཁོར་འདས་ཆོས་ཉིད་གླིང་།   གླིང་རྟགས་ནོར་བུས་མཚན་པ།  བཞི་པ་ཀུན་བཟང་བསམ་གཏན་གླིང་།   གླིང་རྟགས་པདྨས་མཚན་པ།    ལྔ་པ་བདེ་ཆེན་ཐར་ལམ་གླིང་།    གླིང་རྟགས་རལ་གྲིས་མཚན་པོའོ། །

       ཇོ་མོའི་བཞུགས་གནས་ཆོས་ཉིད་རིག་རྩལ་མཁའ་འགྲོའི་གླིང་དེ་ཉིད་ལ་གླིང་ཕྲན་བཞི་རུ་ཕྱེ་པས།    གླིང་དང་པོ་ཀུན་བཟང་བདེ་ཆེན་གླིང་།   གླིང་རྟགས་པདྨས་མཚན་པ།    གླིང་གཉིས་པ་བདེ་སྟོང་ཟུང་འཇུག་གླིང་།   གླིང་རྟགས་རྡོ་རྗེས་མཚན་པ།   གླིང་གསུམ་པ་བདེན་གཉིས་ཟུང་འཇུག་གླིང་།  གླིང་རྟགས་འཁོར་ལོས་མཚན་པ།    གླིང་བཞི་པ་པདྨ་མཁའ་འགྲོའི་གླིང་།    གླིང་རྟགས་རལ་གྲིས་མཚན་པ་རྣམས་དང་།   དགེ་བསྙེན་གླིང་ལ་ཡང་གླིང་གཉིས་ཏེ་སྡུག་བསྔལ་རང་གྲོལ་གླིང་དང་།   འཁོར་བ་རང་གྲོལ་གླིང་གཉིས་མདོར་ན་ཆོས་སྒར་འདིར་གླིང་ཆེན་པོ་གཅིག་དང་གླིང་ཕྲན་བཅུ་གཅིག་ཡོད་པ་ཡིན།    གླིང་རེ་རེ་ལ་ཡང་སྐྱེས་མཆོག་བསྟན་པའི་བདག་པོ་ཆེ་བ་གཉིས་རེ་ཡོད་ཅིང་དམ་ཆོས་འདུལ་བ་དང་མཐུན་པའི་སྒྲིག་ཁྲིམས་དོ་དམ་མཛད་བཞིན་པ་ལགས་སོ།
     
ཆོས་སྒར་འདིར་སྤྱིར་ལོ་འཁོར་གཅིག་ནང་ཆོས་འཚོགས་ཆེན་པོ་བཞི་ཡོད་དེ་འབུམ་འགྱུར་ཟླ་བར་ཀློང་གསལ་རྡོ་རྗེ་སྙིང་པོའི་ཆོས་ཁྲིད་དང་སྦྲགས་སྙུང་གནས་ཆ་བརྒྱད་དང་རྗེས་ཆོག་དབང་དང་བཅས་ཏེ་ཉིན་བཅོ་བརྒྱད་དེ་རྗེས་འཕོ་སྦྱོང་ཉིན་བདུན།    ས་ག་ཟླ་བར་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཉིན་བདུན།     སྤྲེལ་ཟླ་བར་ཆོས་རྗེ་ཡིད་བཞིན་ནོར་བུ་༧འཇིགས་མེད་ཕུན་ཚོགས་དཔལ་བཟང་པོའི་རྟོགས་བརྗོད་གདན་སྲས་གཡུ་འོད་འབུམ་མིའི་རྣམ་ཐར་ཞི་རྒྱས་དབང་དྲག་མཆོག་དང་བཅས་ཏེ་ཉིན་ལྔ་དང་རྒྱལ་སྲས་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ཉིན་གཅིག་འཆམ་པ་བཅས་ཁྱོན་ཉིན་གྲངས་དྲུག་གི་རིང་དང་ཟླ་འདིའི་ཚེས་ཉེར་གསུམ་ཉིན་༧སྐྱབས་རྗེ་དམ་པ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཆོག་དང་ཉིད་ཀྱི་རིགས་བདག་ཁྲོཾཿདགེ་ཨ་རིག་རིན་པོ་ཆེ་སོགས་མདོར་ན་རིས་སུ་མ་མཆིས་པའི་སྐྱེས་ཆེན་དམ་པ་དགོངས་པ་ཆོས་དབྱིངས་སུ་བསྡུས་ཟིན་པ་རྣམས་ཀྱི་གདུང་མཆོད་ཉིན་བདུན།    ཟླ་བ་བརྒྱད་པའི་ནང་རྫོགས་ཆེན་ཐུན་མིན་སྔོན་འགྲོ་ཁྲིད་ཡིག་ཡེ་ཤེས་བླ་མའི་ཁྲིད་སྦྱང་ཟླ་བ་གཅིག་རིང་དང་བོད་ཟླ་དགུ་པའི་ཚེས་བཅོ་ལྔ་ནས་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་བར་སློབ་མ་རྙིང་པ་རྣམས་དངོས་གཞི་ཐོད་རྒལ་ཞག་བརྒྱ་རུ་བཞུགས་པ་དང་སློབ་མ་གསར་པ་རྣམས་རྙིང་ཐིག་སྔོན་འགྲོའི་ཞལ་ལུང་ཀུན་བཟང་བླ་མ་དང་ཞལ་ལུང་ཟིན་བྲིས་དང་སྦྲགས་བློ་སྦྱོང་ཞག་བརྒྱ་ལ་བཞུགས་དགོས་པ་ཡིན།    ཆོས་སྒར་འདི་ཉིད་ལ་གསར་དུ་ཐོན་པའི་སློབ་མ་ཞིག་ཡིན་ཕྱིན་ཐོག་མར་སློབ་མའི་དམིགས་ཡུལ་དང་སྔོན་གྱི་བྱ་སྤྱོད་བརྟག་བྱེད་དུ་སྒར་སྤྱིའི་དྲི་རྩད་ཚོགས་པས་དྲི་དཔྱད་ཡང་དག་བྱས་ཐོག་དམིགས་ཡུལ་དམ་པའི་ཆོས་ཁོ་ནར་དམིགས་པ་དང་བླ་མ་སོགས་ལ་འགལ་བ་མེད་ཅིང་ཕ་མ་སོགས་ཀྱིས་མོས་མཐུན་ཐོབ་ཡོད་ན་ད་གཟོད་བླ་མ་ཚང་ནས་ཐུགས་བརྩེས་རྗེས་སུ་འཛིན་པར་མཛད་ཅིང་སྐྱབས་གསུམ་འཛིན་པའི་དགེ་བསྙེན་སྡོམ་པ་ནས་བཟུང་སྟེ་སོར་བྱང་སྔགས་གསུམ་གྱི་སྡོམ་པ་རིམ་བཞིན་མནོས་དགོས་པ་ཡིན་ལ་ཟླ་ལྟར་ཚེས་ཉེར་ལྔ་ཉིན་སློབ་མ་གསར་རྙིང་ཚང་མ་རྩ་བའི་ཁྲིམས་གསུམ་གྱི་དག་ཐེར་བྱེད་དགོས་པ་ཡིན།   དེ་བཞིན་ཆོས་སྒར་ཆེན་པོ་འདི་ཉིད་ཀྱི་རྩ་བའི་དམ་ཚིག་ཆེན་པོ་ནི།    དལ་འབྱོར་རྙེད་དཀའ་དང་ཚེ་མི་རྟག་པ་ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་ཏེ་བློ་ལྡོག་རྣམ་བཞིའི་ཉམས་ལེན་སྲོག་ཏུ་འཛིན་ཞིང་ཐུགས་མཐུན་ཁྲིམས་གཙང་དང་སྤོང་ཀློག་བྱ་བས་ཉིན་མཚན་ཁོར་མོ་ཡུག་ཏུ་བརྩོན་དགོས་པ་ཡིན་ལ་གྲུབ་འབྲས་ཀྱང་སློབ་མ་ཚེ་ཡི་དུས་བྱེད་པ་རྣམ་ལ་རིང་བསྲེལ་བབས་པ་དང་ཐུགས་དམ་བཞུགས་པ་སོགས་མདོར་ན་བཟང་པོའི་རྟགས་ཅི་རིགས་མེད་པ་ནི་ཤིན་ཏུ་ནས་དཀོན་པར་སྣང་ངོ་།

         དབྱར་དཔྱིད་གཉིས་ལ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཚོའི་ཐུགས་བརྩེའི་བཀའ་དྲིན་ལས་ཡིག་གཟུགས་ནས་བརྩམས་ཏེ་བརྡ་སྤྲོད་ཀྱི་གཞུང་དང་།   རྒྱལ་སྲས་ལག་ལེན།   སྡོམ་གསུམ།    སྤྱོད་འཇུག    ངེས་སྒྲོན་དང་དབུ་མའི་སྐོར།    མ་ཟད་རྒྱུད་གཞུང་དང་།    མན་ངག་སྐོར་རྣམས་སློབ་ཁྲིད་གནང་བཞིན་ཡོད་ལ་སྟོན་ཁར་གྲུབ་འབྲས་རྒྱུགས་བཞེས་ནས་རིམ་པའི་བྱ་དགའ་གནང་བཞིན་མཆིས།    གོང་མའི་ཕྱག་སྲོལ་བཞིན་དགུན་ཟླ་ཞག་བརྒྱའི་རིང་འོད་གསལ་རྫོགས་པ་ཆེན་པོའི་མན་ངག་གི་ཉམས་ལེན་ཁོ་ནར་བརྩོན་བཞིན་པ་ལགས་སོ།  །ཆོས་སྒར་འདིར་ད་ཡོད་རྒྱུན་ཞུགས་སློབ་མ་ཁྲི་ཕྲག་གཉིས་ལ་ཉེ་ཞིང་སྐྱེས་མཆོག་བསྟན་པའི་བདག་པོ་མཁན་པོ་དང་སྤྲུལ་སྐུ་བླ་མ་སོགས་བརྒྱ་ཕྲག་ལས་བརྒལ་བས་སློབ་མ་སྐྱོང་བཞིན་ཡོད་ལ་ཁྱད་པར་བདག་ཅག་རྣམས་ཀྱི་མཚུངས་མེད་རིགས་བདག་ཆེན་པོ་མཚན་བརྗོད་པར་དཀའ་ཡང་དོན་སླད་དུ་མཚན་ནས་སྨྲོས་ན་རྒྱལ་ཚབ་དམ་པ་སྤྲུལ་པའི་སྐུ་མཆོག་ཆེན་པོ་༧གྲུབ་དབང་ནམ་མཁའི་སྙིང་པོ་དཔལ་བཟང་པོ་མཆོག་གིས་སྐུ་འཚོ་བཞེས་ཀྱི་མཛད་འཕྲིན་དར་བཞིན་པ་ལགས་ཏེ་ཁོང་གི་ཕྱི་ནང་གསང་བའི་རྣམ་ཐར་རྒྱ་མཚོ་ལྟ་བུ་མཁྱེན་འདོད་ན་འདིར་ཅུང་ཙམ་ཡིག་ཚོགས་ལ་འཇིག་པས་༼  ཡ་ཆེན་ཆོས་འབྱུང་།  ༽ལ་གཟིགས་པར་འཚལ། མ་ཟད་དགོན་འདི་ཉིད་ཀྱི་སློབ་མས་འཛམ་གླིང་ཤར་ནུབ་གང་སར་ཁྱབ་ཡོད་ལ་སློབ་ཆེན་མང་དག་ཅིག་གིས་ཕྱོགས་ཀྱི་ཐ་གྲུ་སྤྱི་དང་བྱེ་བྲག་རྒྱ་དཀར་ནག་གངས་ལྗོངས་སོགས་སུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བཞིན་རྒྱལ་བསྟན་ཉག་ཕྲ་བའི་སྐབས་འདིར་ཤིན་ཏུ་ནས་བསམ་བརྗོད་ལས་འདས་པའི་བཀའ་དྲིན་རླབས་པོ་ཆེ་སྐྱོངས་དང་སྐྱོང་བཞིན་པ་ལགས་སོ།།

           ཞེས་པའི་ཆོས་སྒར་གྱི་ངོ་སྤྲོད་མདོར་བསྡུས་འདི་གང་གི་ཆོས་གླིང་དུ་སློབ་གཉེར་ལ་བརྩོན་ཁུལ་སྙོམ་ལས་པ་ཨོ་རྒྱན་བཤད་སྒྲུབ་བམ་ས་ལའི་རིགས་སྲས་སུ་འབོད་པ་དེས་དད་ལྡན་མཁྱེན་འདོད་ཅན་སྐྱ་མི་རྣམས་ཀྱི་སྤྱན་ལམ་དུ་ཕན་འདོད་ཀྱིས་བསམ་པས་ཀུན་ནས་བླངས་ཏེ་མཁན་པོ་ཚང་ཨརྱ་དེ་བས་བརྩམས་པའི་༼  ཡ་ ཆེན་ཆོས་འབྱུང་  ༽གཞིར་བྱས་ནས་ཡི་གེར་བཀོད་པས་འདིས་ཀྱང་ཆོས་གླིང་ཆེན་པོ་འདི་ཉིད་སླར་ཡང་རྒྱས་ནས་འགྲོ་བའི་བདེ་སྐྱིད་འབྱུང་བའི་གཞི་མ་ཉིད་དུ་མུ་མཐུད་འགྱུར་བའི་སྨོན་འདུན་དང་བཅས།། །། དགེའོ། དགེའོ། སརྦམངྒལཾ།།


རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2015/1/3 བལྟ་ཀློག (6467)