མདོ་སྨད་ལོ་རྒྱུས་ཆེན་མོ་དང་འབྲེལ་བའི་གལ་ཆེའི་གསལ་བརྡ།


༄ ༅།།བཀུར་འོས་གངས་ལྗོངས་བྱང་ཤར་ས་ཁུལ་དུ་གནས་སྡོད་བླ་སྤྲུལ་དགེ་འདུན་པ་དང་ལོ་རྒྱུས་ཉམས་ཞིབ་པ།   བོད་ཀྱི་ཆོས་རིག་ལ་དོ་སྣང་ཐུགས་འཁུར་ལྡན་པའི་ཤེས་ལྡན་པ་ཡོངས་ཀྱི་སྙན་ལམ་དུ།

གུས་པ་མདོ་ཁམས་སྨད་ཀྱི་ཡུལ་ཆ་ནས་འཚར་ལོངས་བྱུང་ཞིང་ཕྱི་རོལ་གྱི་ཡུལ་གྲུ་མང་བོར་འཁྱམས་ཤིང་ཉུལ་ནས་མི་ཚེ་སྐྱེལ་བཞིན་པའི་མི་རྒན་བདག་མེད་ཅིག་ཡིན་ལ།   རོབ་ཙམ་མངའ་གསལ་ལྟར་སྤྱི་ལོ་ ༡༩༩༩ལོ་ནས་སྤྱི་ལོ་ ༢༠༠༩བར་གྱི་ལོ་ངོ་བཅུ་མ་ཟིན་ཙམ་གྱི་རིང་ལ་མདོ་སྨད་ཀྱི་ལྗོངས་ཆེན་པོ་འདིའི་ཁྱོན་ལ་འཚོ་གནས་བྱེད་པའི་ཡུལ་སྡེ་ཁག་གི་བྱུང་འཕེལ་གྱི་ལོ་རྒྱུས་ལ་ཞིབ་འཇུག་བགྱིད་ཁུལ་གྱིས་དཔེ་དེབ་དྲུག་གི་བདག་ཉིད་ཅན་དཔར་སྐྲུན་གྲུབ་ཟིན་ཅིང་།   རང་ཅག་ལ་ས་རིས་མི་སྡེ་ཡོངས་རྫོགས་ཀྱི་ལོ་རྒྱུས་ཕྱོགས་སྡོམ་བྱས་པ་འདི་འདྲ་ཞིག་མེད་པ་ནས་ཡོད་པར་གྱུར་པ་ཡིན་པས་དགའ་བ་བསྒོམ་འོས་པ་ཞིག་ཡིན།    ལོ་རྒྱུས་འདི་ནི་དུས་སྐབས་རེ་རེ་དང་ས་གནས་རེ་རེའི་ལོ་རྒྱུས་ཀྱི་དོན་རྐྱེན་རེ་རེ་ལ་བྱེད་ཐབས་འདྲ་མིན་གྱི་ལམ་ནས་ཞིབ་འཇུག་གང་ཐུབ་བགྱིས་པ་ཞིག་ཡིན་པས།   ལོ་རྒྱུས་རིག་པ་ལ་མྱོང་བྱང་ཡོད་མཁན་ཞིག་ཡིན་ཕྱིན་འདིའི་རྒྱ་ཆེ་ས་ནས་རིན་ཐང་ཅི་ཙམ་ཡོད་མེད་ཤེས་རྟོགས་བྱེད་ཐུབ་པ་གདོན་མི་ཟ་ནའང་།  རྒྱུ་རྐྱེན་དང་ཀུན་སློང་སྣ་ཚོགས་པའི་དབང་གིས་ལོ་རྒྱུས་ལ་ལོ་རྒྱུས་ཀྱི་ལྟ་སྟངས་སྤྱད་ནས་བལྟ་མི་ཐུབ་མཁན་དག་ལ་ནི་སུ་ཞིག་གིས་ཀྱང་ཁ་ཚོན་གཅོད་ནུས།

ལོ་རྒྱུས་ཀྱི་དཔེ་དེབ་དེ་དག་སྤྱི་ཚོགས་སུ་བཀྲམས་ནས་ལོ་ངོ་ལྔ་དྲུག་བརྒྱུད་པའི་དུས་ཡུན་འདིའི་ནང་ལ།   དེ་དག་ལ་ལྟ་ཀློག་ཆ་ཚང་གནང་སྟེ་ལག་ཟུང་ཐལ་སྦྱར་གྱིས་བཀའ་དྲིན་ཞུ་མཁན་དང་།   ཁ་བཏགས་གཡོག་མཁན།   ཐག་ཉེ་རིང་ནས་བརྒྱུད་ལམ་སྣ་ཚོགས་སྤྱད་དེ་བཀའ་དྲིན་ལེགས་གསོལ་གྱི་འཚམས་འཕྲིན་གནང་མཁན་ཧ་ཅང་མང་བོ་བྱུང་བ་དེ་དག་གིས།   ཆུང་ས་ནས་བཤད་ཀྱང་མི་ཞིག་གིས་ཞུམ་པ་མེད་པའི་དམ་བཅའ་དང་རེ་བ་སྙིང་ལ་བཅངས་ནས་ཚེ་སྲོག་དང་མི་ཚེ་གཙུབ་བརྡར་བྱས་པའི་རིན་ཐང་ལ་ངོས་འཛིན་གནང་བ་ཞིག་ཡིན་པས།   གོ་སྐབས་འདི་བརྒྱུད་ནས་ཁོང་རྣམ་པ་ཚོས་ཕྲན་གྱི་བྱས་འབྲས་ལ་ཆ་འཇོག་གནང་བར་ལག་ཟུང་ཐལ་སྦྱར་གྱིས་བཀའ་དྲིན་ཞུ་བཞིན་ཡོད།

ཕྱོགས་གཞན་ཞིག་ནས་གློག་ཀླད་དམ།  རྩོམ་སྒྲིག་པ།  ཞུས་དག་པ།  བསྐྱར་ཞིབ་གནང་མཁན་སོགས་མི་མང་བོ་ཞིག་གི་བར་རོལ་ནས་དོན་དག་ཅི་ཞིག་བྱུང་བ་ཆ་མ་འཚལ་བའི་གནས་སྟངས་ཁྱད་མཚར་ཞིག་གི་འོག་མདོ་སྨད་མང་ར་རྫོང་ཁོངས་སུ་དགོན་སྡེ་བཅུ་གྲངས་ཤིག་ཡོད་པའི་མིང་དང་ལོ་ཚིགས་སོགས་ལ་འཁྲུགས་ཚབས་ཆེ་ཙམ་བྱུང་འདུག་པའི་རྐྱེན་བྱས་ཏེ།དེ་ཕྱོགས་ཀྱི་ཁོངས་མི་མང་དག་གིས་ཡིག་ངག་གཉིས་ཐོག་ནས་སྐྱོན་བརྗོད་དང་དམའ་འབེབས།ཟུར་ཟ་དང་མཚང་འབྱིན་རྒྱུན་མི་ཆད་པར་གནང་གིན་འདུག་པ་དེ་ཁོང་རྣམ་པ་ལ་ཡོད་པའི་ཐོབ་ཐང་ཞིག་ལ་ཆ་འཇོག་བྱས་ཆོག་ཀྱང་།  དེས་ནི་ཁོང་རྣམ་པ་ཚོ་གནས་ཡུལ་གྱི་དགོན་ཁག་གི་ལོ་རྒྱུས་ལ་ནོར་འཆོལ་བྱུང་བར་བསྐྱར་བཅོས་དང་ཁ་གསབ་བྱེད་པ་ལ་ཕན་ཐོགས་འབྱུང་མི་ཐུབ་ཅིང་།   རྣམ་པ་ཚོས་བདག་ལ་མཚང་འབྱིན་གནང་ནས་རྩ་ཆེའི་དུས་ཚོད་མང་བོ་ཆུད་ཟོས་སུ་བཏང་བ་ལ་གྲུབ་འབྲས་ཅི་ཡང་སྨིན་རྒྱུ་མེད་པ་དེ་དངོས་ཡོད་གནས་ཚུལ་ཡིན།

ཡང་ངོ་ཤེས་ཤིག་བརྒྱུད་དེ་མཚོ་སྔོན་རྐང་ཚའི་དགོན་སྡེ་རེ་ཟུང་གི་མིང་དང་ལོ་རྒྱུས་ལ་ནོར་འཕྱུག་གང་འཚམ་བྱུང་ཡོད་རབས་ཐོས་ཤིང་།  དངུལ་རྭ་དགོན་པའི་གྲྭ་བ་ཞིག་གིས་ཀྱང་ཧ་ཅང་མ་རང་བའི་ངང་ཁོང་ཚོའི་དགོན་པའི་ལོ་རྒྱུས་རྩོམ་སྒྲིག་བྱེད་སྐབས་ཡིག་ཆ་གང་ཞིག་དཔྱད་གཞིར་བཟུང་བའི་སྐོར་ལ་དྲི་བ་ཚ་ནན་བཏང་བར་མ་ཟད།   རྔ་བ་ཨ་འདུས་དགོན་པའི་ལོ་རྒྱུས་བཤད་སྟངས་འགྲིག་མེད་རབས་ངག་ཐོག་ནས་བཤད་མཁན་བྱུང་ཡང་།   ཕྱི་མ་དེ་གཉིས་ནི་ནམ་རྒྱུན་ནས་ང་ཚོའི་ས་གནས་ཁག་ཏུ་དགོན་མགོ་དང་ཚོ་མགོ་གང་ལ་གཏོགས་མིན་སོགས་ལོ་རྒྱུས་རྙོག་འཛིང་ལྡན་པ་མང་བོ་ཡོད་པ་དེ་འདྲ་ལ་ཐུག་གིན་ཡོད་པ་འདྲ་ཞིང་།   དེའི་གནད་འགག་ཐུག་ས་ནི་ཕྲན་གྱིས་དཔྱད་གཞིར་བྱས་པའི་ཡིག་ཁག་ཅིག་གི་བཤད་ཚུལ་ལ་འདོད་མོས་མ་བྱུང་བ་ཙམ་དུ་འདུག་པས།གནད་དོན་དེ་རིགས་ནི་ང་ཚོ་ཡང་ནུབ་ཕྱོགས་ཡར་ཐོན་རྒྱལ་ཁབ་ཁག་ཏུ་ལུང་ཚན་ཕན་ཚུན་གྱི་ཞེན་ཁོག་ལ་རྒྱ་བཟུང་ནས་གསོད་གཏུབ་ཀྱི་འཐབ་འཁྲུག་རྩ་ནས་མེད་པའི་གནས་ཚད་ལ་མ་སླེབས་བར་དུ་སུས་ཀྱང་གཙང་སེལ་བྱེད་ཐུབ་པ་ཞིག་ཏུ་མཐོང་མི་ཐུབ།

ང་ཚོ་ཕན་ཚུན་གྱི་བར་ན་སྤྱི་ལེ་སྟོང་ཕྲག་ཉེར་གཅིག་(༢༡༠༠༠)ལྷག་ཡོད་པ་ཙམ་མིན་པར། རྒྱལ་ཁྲིམས་བཙན་པོའི་ཆབ་སྲིད་ཀྱི་ལྕགས་རི་ཡང་རྔམ་ཞིང་བརྗིད་པས་ཐད་ཀར་འབྲེལ་གཏུགས་ཞུ་སྟབས་བདེ་བོ་མེད་པ་དང་།   ས་ཁུལ་བྱེ་བྲག་པ་དང་དགོན་སྡེ་བྱེ་བྲག་པ་མང་བོ་ཞིག་གི་ལོ་རྒྱུས་ཐོན་དང་ཐོན་བཞིན་ཡོད་པ་དག་ཀྱང་དུས་ཐོག་རག་མི་ཐུབ་པའི་དངོས་ཡོད་དཀའ་ངལ་དེ་རིགས་ཀྱི་དབང་གིས།   ད་དུང་ཕྱོགས་ཡས་མས་སུ་ནོར་བཅོས་ཁ་གསབ་བྱེད་དགོས་པ་མི་ཉུང་བ་ཞིག་ཡོད་པ་གདོན་མི་ཟ་བ་ཡིན།

ལོ་རྒྱུས་ཀྱི་ལས་གཞི་འདི་རྒྱ་ཆེ་དྲགས་པ་དང་།  མིའི་ནུས་ཤུགས་ཞན་དྲགས་པ།   དུས་ཚོད་ཀྱིས་མ་ལྕོགས་པ་སོགས་རྒྱུ་རྐྱེན་ཧ་ཅང་མང་བོ་ཞིག་གི་དབང་གིས་ས་གནས་དང་དོན་དག་བྱེ་བྲག་པ་ཁག་ཅིག་ལ་ནོར་འཕྱུག་གང་འཚམ་ཤོར་འདུག་པ་དག་ཇི་ལྟར་ནོར་འཕྱུག་བྱུང་བ་དང་།  སུས་འབྱུང་དུ་བཅུག་པ།ཅིའི་ཕྱིར་ནོར་འཕྱུག་མེད་པ་ཞིག་བཟོ་མ་ཐུབ་པ་ཡིན་ནམ་ཟེར་བ་ལྟ་བུའི་དྲི་བ་དེ་དག་ནི།  ད་ལྟ་ང་ཚོ་ལ་ཕན་ཐོགས་མེད་པའི་དྲི་བ་རྐྱང་རྐྱང་ཡིན་ལ།  ལོ་རྒྱུས་གླེགས་བམ་དེ་དག་ཏུ་བྱུང་བའི་ཚིག་སྐྱོན་དང་དོན་སྐྱོན་གང་ན་ཅི་ཡོད་པ་ཚང་མ་ང་རང་གཅིག་པུའི་ནོར་འཁྲུལ་དུ་ངོས་ལེན་ཆ་ཚང་ཞུ་རྒྱུ་ཡིན་པར་མ་ཟད།  ནོར་འཕྱུག་དེ་དག་ཡོ་བསྲང་བྱེད་པའི་འགན་ཁུར་ཡང་ང་རང་ལ་ཡོད་པ་ཁས་ལེན་བྱེད་རྒྱུ་ཡིན།

གང་ལྟར་སྤུན་གྲོགས་ཚོ།  འདི་ནི་ང་ཚོའི་ལོ་རྒྱུས་ཀྱི་བསྐལ་བ་འཇིག་པའི་མཐའ་ལ་གཏུགས་པ་ཞིག་མིན་ལ། གྱེན་ལྡོག་བྱེད་མི་ཆོག་པའི་རྒྱལ་ཁྲིམས་བཙན་པོའི་བཀས་བཅད་ཀྱང་མིན་པར།  ང་ཚོས་མགོ་འཛུགས་བྱས་པ་ལོ་རྒྱུས་ཀྱི་གསོག་མཛོད་འདི་ལ་བསྐལ་བ་མ་སྟོངས་བར་དུ་འབྱུང་འགྱུར་གྱི་མི་རབས་རིམ་བྱུང་གིས་བསྐྱར་བཅོས་དང་ཁ་གསབ་རྒྱུན་མི་ཆད་དུ་བྱེད་རྒྱུ་ཡིན་པ་ཚོད་དཔག་བྱེད་ཐུབ་ཅིང་།  ང་ཚོས་ཀྱང་ཕན་ཚུལ་ལ་ཉེས་སྐྱོན་འགེལ་རེས་དང་། འཁང་ར་བྱེད་རེས་ཀྱིས་དུས་ཚོད་སྐྱེལ་བ་ལས།  སྤྱི་བའི་སྤྱི་དོན་ལ་དམིགས་ནས་ང་ཚོ་ཚང་མ་མཉམ་རུབ་ཀྱིས་ལོ་རྒྱུས་ཀྱི་ས་བོན་འདི་འཐུས་སྒོ་ཇེ་ཚང་དང་།སྤུས་ཀ་ཇེ་མཐོར་གཏོང་བའི་ལས་གཞི་ལ་འབད་བརྩོན་གནང་ན་མི་བཟང་ངམ་ཞེས་གྲོས་སུ་འདེབས་པ་ལགས།

ནུབ་ཕྱོགས་སྤྱི་ཚོགས་ཁྲོད་གྲགས་ཆེ་བའི་༸གོང་ས་རྒྱལ་དབང་བཅུ་བཞི་བ་མཆོག་གི་ལེགས་བཤད་ཅིག་དོན་བསྒྱུར་བྱས་ན།  ལོ་ངོ་གཅིག་གི་ནང་ང་ཚོས་བེད་སྤྱོད་གཏོང་མི་ཐུབ་པའི་ཉི་མ་གཉིས་ཡོད་པ་སྟེ།  གཅིག་ནི་ཁ་སང་དུ་འབོད་པ་དེ་ཡིན་ལ།  ཅིག་ཤོས་ནི་སང་ཉིན་དུ་འབོད་པ་དེ་ཡིན།  འོན་ཀྱང་དེ་རིང་ནི་ང་ཚོའི་ལག་ཏུ་ཡོད་པས།  ང་ཚོས་ང་ཚོ་ལ་དབང་བའི་དེ་རིང་འདི་མ་ལན་མ་འགྱོད་པ་ཞིག་བྱེད་རྒྱུ་གལ་ཆེན་ཡིན་པར་གསུངས་འདུག་པ་ལྟར།   འུ་ཅག་གིས་ཀྱང་ད་ལྟ་ང་ཚོའི་མགོ་ཐོག་ན་ཡོད་པའི་རྩ་ཆེའི་དུས་ཚོད་འདི་འཁོན་འཛིན་དང་སྡང་ཟུག་སོགས་རང་གཞན་གཉིས་ཕུང་གི་ཕྱོགས་སུ་མ་བཏང་བར།   ལྷག་ བསམ་དང་བཟོད་སྒོམ།  གུ་ཡངས་དང་བསམ་ཤེས་ཀྱི་ངང་ཐུན་མོང་ལ་ཁེ་ཕན་ལྡན་པའི་ལས་དོན་ཐོག་བཏང་སྟེ།   འབྱུང་འགྱུར་གྱི་མི་རབས་གསར་བས་ང་ཚོའི་བླ་སྒུལ་དུར་སྔོག་བྱེད་མི་དགོས་པ་ཞིག་བྱེད་རྒྱུ་གལ་ཆེན་མ་ཡིན་ནམ།

དེས་ན་ད་ལྟ་བདག་གིས་འབད་བརྩོན་ཞུ་བཞིན་པ་ནི།   ད་ནས་བཟུང་འབྱུང་འགྱུར་གྱི་ལོ་ངོ་གསུམ་གྱི་རིང་མུ་མཐུད་ནས་དཔྱད་གཞིའི་ཡིག་ཆ་སྣ་ཚོགས་འཚོལ་སྡུད་དང་།   ཕྱོགས་གཞན་ཞིག་ནས་མདོ་སྨད་ལོ་རྒྱུས་ཆེན་མོ་ལ་བསྐྱར་ཞིབ་དང་ཞུས་དག་ཐེངས་གཅིག་བྱས་ཏེ།  དཔར་ཐེངས་གཉིས་པ་དཔར་སྐྲུན་བྱེད་ཐུབ་ན་སྙམ་པ་དེ་ཡིན་པས།   ཕྲན་གྱི་ཡིག་ཆུང་འདི་འབྱོར་བ་ནས་ཐུགས་སྣང་དང་རྒྱུས་མྱོང་ལྡན་པ་རྣམས་ཀྱིས་རང་རང་གི་ས་གནས་ཁག་གི་ལོ་རྒྱུས་ཁུངས་ལྡན་གང་འབྱོར་བསྡུ་རུབ་ཀྱིས་ཕྲན་ལ་མཁོ་སྒྲུབ་གནང་ཐུབ་པ་ཡིན་ན།   དཔར་ཐེངས་རྗེས་མ་དེ་སྔར་བས་སྤུས་ཀ་ཇེ་གཙང་དང་འཐུས་སྒོ་ཇེ་ཚང་ལ་འགྲོ་བའི་རེ་བ་ཡོད་པ་ཡིན་སྟབས་དེ་ལུགས་ཀྱི་མཐུན་འགྱུར་གནང་བའི་འབོད་སྐུལ་ཞུ་བཞིན་ཡོད།

ལྷན་རྒྱས་ཀྱིས་གོ་བ་ནོར་མི་རུང་བའི་དོན་དག་ཅིག་ཡོད་པ་ནི།   འབྱུང་འགྱུར་གྱི་ལོ་ངོ་གསུམ་གྱི་ནང་བསྒྲུབ་རྒྱུ་ཡིན་པའི་མདོ་སྨད་ལོ་རྒྱུས་ཆེན་མོར་ཁ་གསབ་བསྐྱར་བཅོས་ཞུས་དག་གི་ལས་གཞི་རྙོག་འཛིང་ལྡན་པ་འདི་ལ།  སྤྱི་སྒེར་སུ་ཞིག་གི་རོགས་དངུལ་དང་རམ་འདེགས་གང་ཡང་མེད་པར།  རང་ཉིད་ཀྱི་ཉིན་རེའི་ལས་ཀ་སྒྲུབ་པའི་ཞར་ཞོར་དང་།   མཚན་མོའི་དུས་ཚོད་གང་ཡོང་བཏང་སྟེ་བསྒྲུབ་རྩིས་ཡིན་པ་ལས།   ལས་ཀ་འདི་རིགས་ཀྱི་དངོས་ཤུགས་སུ་སྒེར་གྱི་ལྟོ་གོས་གཏམ་གསུམ་ལ་ཁེ་ཕན་ཡོད་པར་དགོངས་མི་རིགས་པ་དེ་ཡིན།

གཤམ་གསལ་གྱི་ཁ་བྱང་དེ་དག་བརྒྱུད་ནས་ལོ་རྒྱུས་ཀྱི་པར་རིས་དང་།  ས་ཁྲ།  དཔེ་དེབ།  རྩོམ་ཡིག་དང་ངག་རྒྱུན་ཚད་ལྡན་སོགས་བསྡུ་རུབ་བྱས་པ་ཁག་མཁོ་གཏོང་གནང་རོགས་ཞུ། གལ་སྲིད་ཁྱེད་ཀྱིས་མྱུར་འཕྲིན་ཨི་མེལ་བརྒྱུད་ནས་རྒྱུ་ཆ་བསྐུར་སྟབས་བདེ་ན།(hortsang@yahoo.com) དང་། ཡང་ན།  ཁེའུ་ཁེའུ་ཡིག་སྒམ་(3113597686@qq.com) འདིའི་ཐོག་ལ་བསྐུར་རྒྱུ་དང་།བརྙན་ཐག་དང་སྐད་ཐག་སོགས་བོངས་ཚོད་ཆེ་བའི་རིགས་བསྐུར་འདོད་ན།dropbox བེད་སྤྱད་དེ།hortsang jigme འདིའི་ཐོག་ལ་གཏོང་རྒྱུ་དང་།  ཡང་ཁྱེད་ཀྱིས་ཡིག་ཟམ་ཁ་བྱང་བརྒྱུད་དེ་གཏོང་འདོད་ཡོད་ན།   གོང་གི་མྱུར་འཕྲིན་ཁ་བྱང་དེ་གཉིས་གང་རུང་ཐོག་འབྲེལ་བ་གནང་ན།    ཡིག་ཟམ་ཁ་བྱང་འབུལ་ངེས་ཡིན།

ཞེས་ཕྲན་ཧོར་གཙང་འཇིགས་མེད་དུ་འབོད་པས།སྤྱི་ལོ་༢༠༡༥ལོའི་ཟླ་ ༡ཚེས་ ༦ཉིན་ཕུལ།


རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2015/1/11 བལྟ་ཀློག (3246)