ཐོ་ཡོར་གྱི་བཏུས་རྩོམ་ཁག་གསུམ་པ།

རང་ལ་བླངས་པའི་གླུ།

                   ཐོ་ཡོར།༼དཀར་མཛེས༽

དམིགས་མེད་ནམ་མཁའི་ཡོལ་བ་འཐེན་རྗེས།།
སེམས་ཀྱི་དར་ལྕོག་ཚོར་བས་བསྒུལ་ཡོང་།།
མཐོང་དུ་མེད་པའི་འོད་ཟེར་ལྗང་ཁུར།།
བག་ཆགས་སྔོན་མོའི་དུ་བས་དཀྲིས་འདུག།

ཐོག་མ་མེད་པའི་འཁོར་བ་འདི་ནས།།
འཛིན་རྟོག་བྲལ་བའི་དབྱིངས་ཤིག་རྙེད་ན།།
མེ་ལོང་གསལ་བོར་བྲིས་པའི་ཁ་དོག།
ཡིད་ཀྱི་ཟིལ་བའི་ཐ་གུར་བརྒྱུས་སྲིད།།

ལྷུན་གྲུབ་ཆར་བ་དམིགས་སུ་མེད་པའི།།
གཉུགས་མའི་འོད་ཟེར་གང་དུ་ཡོད་སྐད།།
ཡིད་ཀྱིས་ཁ་བ་མཐོང་ཙམ་མོད་ལ།།
ལས་དབང་མཐའ་ནས་འཇའ་རས་ཡལ་འགྲོ།།

སྣང་བའི་སྒེའུ་ཁུང་རླུང་གིས་ཁུར་སོང་།།
ངེས་འབྱུང་ཕྲ་མོའི་སྣེ་ན་འཛུམ་པའི།།
ཏིང་འཛིན་ལྷ་མོ་མཐོང་དུ་མེད་ཀྱང་།།
དབེན་པའི་བསིལ་རླུང་སེམས་ལ་སྙིལ་འོང་།།

མི་ཞིག  

མི་ཞིག་སྟོང་བའི་ཕག་ནས་ཡུན་རིང་འདར།།
ལན་བུའི་སྡོམ་རྒྱ་ཞིག་ཏུ་སྙན་ངག་བྲིས།།
ལམ་འགྲམ་འཐོར་བའི་སྙིང་དབྱིབས་ལོ་མ་དེ།།
སེམས་ཀྱི་ཕྱི་དང་ནང་དུ་འཕྱན་པར་བྱེད།།

མི་ཞིག་སྐྱོ་བའི་གྲུ་ཆུང་ཞིག་ཏུ་བསྡད།།
མིག་ཟུང་བཙུམ་ཞིང་ལག་པ་ཕྱོགས་སུ་བསྐྱངས་།།
སྣང་བའི་མཚོ་མཐའ་ཞིག་ཏུ་དགུན་ཁ་སྐྱེས།།
རྣམ་ཤེས་ཟིལ་བ་རླབས་ཀྱིས་གང་ལ་འཁྱེར།།

མི་ཞིག་སེམས་པ་གདུངས་ནས་ཡིན་རིང་ངུས།།
བྱམས་པའི་འཛུམ་མདངས་གསེབ་ནས་རྒ་བར་གྱུར།།
ཚེ་ཡི་ཆུ་ཐིགས་རེ་རེ་དེ་ལ་གཏོར།།
མེ་ཏོག་གསེབ་ནས་ཁྲག་གི་ལོ་མ་འཐོར།།

མི་ཞིག་སྲང་གི་གཞས་པ་ཞིག་ཏུ་གྱུར།།
སྨྲེང་བའི་གཞས་ཤིག་ཉིན་དང་མཚན་དུ་འཐེན།།
ཉན་མཁན་མེད་པའི་མཚན་མོའི་མུན་ནག་ཏུ། །
སེམས་པ་སྦྲིད་པའི་གདངས་ལ་འཆི་བར་བྱེད།།

མི་ཞིག་ནད་ཀྱིས་ཟིན་ནས་སྨྲ་བ་འགགས། །
སྙིང་གཏམ་ཆད་པའི་རྗེས་ཤུལ་བྱེ་ཐང་གྱུར།།
གཉེན་དང་བུད་མེད་མང་བའི་འཁོར་བ་ནས།།
སེམས་པ་གྲང་ནས་བརྩེ་བ་དབྱིངས་སུ་ཟགས།།

མི་ཞིག་གཡང་གཟར་ཕྱོགས་སུ་བསྒོམས་ལ་ཞུགས།།
བྱིའུ་རྨས་མ་འདི་ལ་ཅི་ཞིག་བྱས།།
ཆར་ཞོད་ཆེ་བའི་མཚན་མོའི་སྒེའུ་ཁུང་དུ།།
ཚེ་འདིའི་མིག་ཆུའི་སྐར་མ་རྩི་བར་བྱེད།།
               ༢༠༡༥ལོའི་ཟླ༡༢བའི་ཚེས་༢༦ཉིན་བྲིས།

རྡུལ།

བྱེ་མའི་ཆུ་བོ་མཇལ་བའི་མོད།།
མིད་པའི་ཟོམ་དུ་ཚེར་མ་ཟུགས།།
ལས་ནི་རྨ་བྱའི་ཐིག་ལེ་བཞིན།།
བ་སྤུའི་རྩེ་ནས་རྨི་ལམ་འཁྲུགས།།
རླུང་ལ་དཔྱངས་པའི་འགྲོ་བ་དྲུག།
དམྱལ་བའི་ཡུལ་གྱི་ཕྱེ་ལེབ་ཞིག།
ཆུ་ཡི་སེན་མོས་སྤྲུལ་བའི་མིས།།
ལན་རེར་ཉི་མ་མལ་སྟན་བྱས།།
སྐར་མའི་ཆར་གདུགས་དབེན་པར་བྱེད།།
སྙིང་ཀར་འབྱུང་བ་ཆེན་པོ་བཞི།།
སྤྲིན་པའི་ཚུལ་དུ་ཡོམ་ཡོམ་འདར།།
གློ་བུར་འཕུར་བའི་བྱ་རོག་ཀྱང་།།
ཚ་བས་ཆུ་བོ་དེད་པ་ལྟར།།
ཟླ་བའི་འཛུམ་རིས་བཙེམ་པའི་ཕྱིར།།
བར་དོའི་ངོས་སུ་གཤོག་པ་བསྐྱངས།།
དོ་ཞག་ནམ་མཁའ་གཉིས་སུ་གྱེས།།
ཀ་ནས་བལྟས་ཀྱང་སྣང་མི་སྲིད།།
གཅིག་ནི་རེག་ཙམ་ཡལ་བར་ངེས།།
ཅིག་ཤོས་སྣང་བའི་རྒྱབ་ནས་འབར།།
རྡུལ་རྣམས་སྐད་ཅིག་ཉིད་ལ་ནི།།
སྣང་བ་གསལ་བའི་ཉ་མོ་གྱུར།།
ཝ་མོ་རྨས་མར་འགྱུར་སྲིད་དམ།།
མེ་ཏོག་ཁ་ཅིག་དབྱིངས་སུ་ནུབ།།

རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2015/1/31 བལྟ་ཀློག (2065)