རས་གཟན་དམར་པོའི་རྩོམ་བཏུས།



༈ཟླ་འོད་རྒུམ་པའི་སེམས་རིས།

ཞལ་གོར་གོར་ལ་འོད་ཟེར་དཀར་དམར་རྒྱས་ཡོད།།
འཛུམ་ཆུང་ཆུང་ལ་པདྨའི་འདབ་ལོ་མངོན་ཡོད།།
སྨྲ་ཉུང་ཉུང་དེས་བྱིས་པའི་རང་གཤིས་སྟོན་པའི།།
ངའི་ཟབ་ས་རུ་ཁྱེད་ནི་རྒྱ་སེའི་མེ་ཏོག།

ལག་ཆུང་ཆུང་དེ་མཇམ་ཤའི་ཁུད་ན་འབར་ཡོད།།
མིག་ཟླུམ་པོ་དེ་དཔྲལ་བའི་འགབ་ན་འཛུམ་ཡོད།།
སྐྲ་བསིལ་མོ་དེས་ཚོར་བའི་བྲེད་ཤ་སློང་བའི།།
ངའི་གདེང་ག་ན་ཁྱོད་ནི་མར་མེ་ཚེ་འབར།།

གཤིས་མཚར་པོ་དེ་དགོད་སྒྲའི་ཀློང་ན་ངོམ་ཡོད།།
རོགས་ཆུང་ཆུང་དེ་གཉོམ་ཆུང་མིག་གིས་འཚོས་ཡོད།།
ཞེ་དྭངས་གཙང་གི་ཁ་མདོག་མདངས་སུ་འཕོས་པའི།།
ངའི་གཏིང་རིམ་ན་ཁྱོད་ནི་སྒྲོལ་མ་རང་བྱོན།།

སེམས་ཆུང་ཆུང་ལ་དམ་བཅའི་སྒོ་ཟྭ་མེད་ཀྱང་།།
ཞེ་དྭངས་མོ་ལ་མི་འགྱུར་རྒྱབ་རི་མེད་ཀྱང་།།
ངའི་ཟབ་ས་རུ་ཁྱོད་ནི་ནམ་མཁའི་ལྷ་སྟེ།།
ངག་གྲེ་འགྱུར་གྱིས་སྣང་སྲིད་གླུ་རུ་ལེན་ནོ།།
                    2015.1.12


༈ང་ཡི་སྙན་ངག་གི་ཁམས།
            ཁྱེད་ཀྱི་འགྱུར་ཁུགས་ཀྱི་འགྲོས།

སྒྱུ་འཕྲུལ་སྣང་བའི་གུར་ཁྱིམ་ནས།།
ཆོས་ཉིད་སེམས་ཀྱི་བཙན་རྫོང་ནས།།
དག་པ་ཡིད་ཀྱི་གས་སྲུབ་ནས།།
ཡངས་པོ་བློ་ཡི་ལྟེབས་ཁུད་ནས།།
རོལ་མོའི་འཇིངས་སུ་ག་ལེར་ཆས།།
ཚིག་གི་འབྲི་ལ་དལ་གྱིས་བསྐྱོད།།
ངག་གི་ནེམ་ཤར་འཛུམས་ཀྱིས་བརླན།།
དབྱངས་ཀྱི་ཆོ་གར་སེམས་ཤ་བསྟན།།


སྣང་སྟོང་འདྲེས་པའི་ཁྲོམ་ཆེན་ནས།།
དབྱིངས་རིག་འཐབ་པའི་རི་སུལ་ནས།།
ཟབ་གསལ་ཚོར་བའི་རུམ་ཁ་ནས།།
ཐོས་འཛིན་ཤེས་པའི་རང་ཞལ་ནས།།
རོལ་མོའི་གཤིས་སུ་ལྷོད་ཀྱིས་འཐིམ།།
ང་རོའི་ཁུད་དུ་རོབ་ཙམ་མཇལ།།
དབྱངས་ཀྱི་ལྷོད་ཤར་ཨེན་ཙམ་བལྟས།།
འཁོར་བའི་སྒྲ་ལ་སེམས་རིས་བསྟན།།
                   2015.1.29
རྟོག་པའི་རི་མོ།

འཇའ་འོད་མག་མོག་གི་རང་མདངས་མཛེས་པོ།།
སྣང་ཤས་ཕྲ་མོ་ཡི་ངོགས་སུ་འཕྲོས་ཚེ།།
གསལ་སྟོང་བདེ་ཆེན་གྱི་རིག་པའི་བུ་ཆུང་།།
སྟོང་བའི་དབྱིངས་རིམ་ན་གར་དུ་རྩེན་ནོ།།

བསིལ་རླུང་འཇམ་པོ་ཡི་གར་སྟབས་ཁྲོད་ན།།
ཆར་བའི་བརླན་ཐིགས་ཀྱི་དྭངས་ཤའི་ཁམས་ན།།
སྤྲོས་བྲལ་ལྷུམ་ཞུགས་ཀྱི་འོད་ཀྱི་ཕོན་ཚོགས།།
སེམས་ཀྱི་ལང་ཚོ་འདིའི་སྲོག་ཏུ་སེམས་ཡོད།།

རིག་པ་རྩལ་རྫོགས་ཀྱི་གཤིས་སུ་འཐིམ་པའི།།
སྣང་སྟོང་ཟུང་འཇུག་གི་གད་རྒྱངས་ཆེན་མོ།།
འཇིཊ་མེད་སྟོབས་ལྡན་གྱི་མགྲིན་པའི་འཁོར་ནས།།
ལྷང་ལྷང་སྐད་སྒྲའི་ངང་ལྷུག་པོར་གྲོལ་འགྲོ།།

འོད་ཀྱི་ཟེགས་མ་ཞེས་མཚར་དུ་སྣང་ཡང་།།
འཇའ་ཡི་ཁ་དོག་ཅེས་འུད་ཀྱིས་སྒྲོག་ཅིང་།།
རང་སྣང་སྟོང་བཏགས་ཀྱི་ངོ་བོར་གཞལ་ཚེ།།
ཡོད་ཚད་ཀུན་རྫོབ་ཀྱི་ཟློས་གར་ཙམ་མོ།།
    2014、8、14

ཚ་བ་ཆེ་ལུགས་དང་རྔུལ་ཆུ་བཞུར་ཚུལ།

ཉི་མའི་ཞལ་ངོ་དམར་པོ་ལ།། 
ཁྲ་ཚོམ་སྣ་བརྒྱའི་ཚོན་མདངས་བཀྲ།།
དཀར་འོད་འཚོལ་བའི་ངོ་གདོང་ལ།།
རྔུལ་ཆུའི་བཞུར་རྒྱུན་ཁྲོམ་ཁྲོམ་འཕྱོ།།

སྤྲོས་བྲལ་སྣང་བའི་ལྡིང་ཁང་ན།།
ཚོར་བའི་བྲེད་ཤ་ལྷོག་ལྷོག་གཡོ།།
ཚ་དྲོད་འབར་བའི་ལུས་ཕུང་ལ།།
རླངས་པའི་ཆོ་ལོ་མངོན་པར་མཐོ།།

སྨིག་རྒྱུས་བརླན་པའི་འཁོར་བ་ན།།
སྐྱེ་འགྲོ་ཚ་བའི་དཔལ་ལ་འཁུ།།
དུད་སྨུག་འཕྱུར་བའི་ཞིང་ཁམས་སུ།།
ཉི་མའི་འགྲེ་ལོག་ཡང་ཡང་རྩེན།།

ལང་ཚོ་ཚ་བར་གཟེབ་ལུགས་ཏེ།།
འཚོ་བའི་མར་མེ་ཡིན་ཏ་རེ།།
ཚེ་སྲོད་འོད་དུ་དྲངས་བ་འདི།།
མིག་ཆུའི་བཞུར་རྒྱུན་དངོས་མ་ལགས།།
2014、7、23

རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2015/2/7 བལྟ་ཀློག (2287)