སྦྲ་སར་ཕ་སྐད་མྱུར་སྐྱོབ་ཚོགས་པ་ངོ་སྤྲོད་མདོར་བསྡུས།

         སྦྲ་སར་ཕ་སྐད་མྱུར་སྐྱོབ་ཚོགས་པ་ནི་རང་རིགས་ལ་ཤ་ཚ་ཞིང་མི་རིགས་སྐད་ཡིག་ལ་དུང་བ་ཟབ་པའི་སྦྲ་སར་ཚེ་རིང་བསམ་འགྲུབ་ལགས་ཀྱིས་༢༠༡༠ལོར་མགོ་ལོག་ཨ་སྐྱོང་སྦྲ་སར་ཡུལ་ནས་ལྷག་བསམ་ཅན་གྱི་གྲོགས་པོ་ཁ་ཤས་ཀྱིས་རེ་བསྐུལ་དང་རོགས་རམ་འོག་བཙུགས་པའི་དམངས་ཁྲོད་ཀྱི་ཕ་སྐད་འཛིན་སྐྱོང་ཚོགས་པ་ཞིག་ཡིན་ལ་ཚོགས་པ་འདིས་བོད་རང་གི་སྐད་དང་ཡི་གེ་གཉིས་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་གཙིགས་སུ་བཟུང་ནས་ལོ་རེར་ཡིག་རྨོངས་སེལ་བའི་འཛིན་གྲྭ་དང་།  ཕ་སྐད་ཡིག་རྒྱུགས།  ངག་རྒྱུགས་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་གྱིན་ཡོད་ལ། ལྷག་པར་དུ་ལོ་རེར་ཟླ་བ་གཅིག་གི་རིང་ལ་སྒྲུབ་ཀྱིན་པའི་ཡིག་རྨོངས་སེལ་བའི་བྱ་འགུལ་དང་དེའི་སྦྱངས་འབྲས་རྒྱུགས་སྤྲོད་སོགས་ཀྱི་ལས་གནས་ལ་དམངས་ཁྲོད་ནས་ཀྱང་དགའ་བསུ་དང་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་ཡོད། ཚོགས་པ་འདིས་སྐྱ་སེར་རིས་སུ་མ་ཆད་པའི་སྐྱེས་བུ་ཡོངས་ལ་རང་རིགས་ཀྱི་ཉམ་ང་ཉག་ཕྲ་བའི་ཕ་སྐད་དང་མ་ཡིག་གི་ལེགས་སྐྱེས་གྱ་ནོམ་པ་རེ་འབུལ་གྱིན་ཡོད་པས་ན་བསམ་པའི་བློ་ཁ་མཐུན་ཞིང་ཤ་རུས་གདོང་རྒྱུད་གཅིག་པའི་རང་རིགས་སྤུན་ཟླ་ཡོངས་ཀྱིས་རྒྱབ་སྐྱོར་དང་རྗེས་སུ་ཡི་རང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུའོ། །

ཡིག་རྨོངས་སེལ་བའི་འཛིན་གྲྭ་དང་སྐད་ཡིག་གསབ་སྦྱོང་འཛིན་གྲྭ་ཁག་ཅིག་གི་འབྲི་རྒྱུགས་ལེན་བཞིན་པའི་ཡུལ་དངོས།


ལོ་རེར་ཡིག་རྨོངས་སེལ་བའི་འཛིན་གྲྭ། ཕ་སྐད་ཡིག་རྒྱུགས། ངག་རྒྱུགས་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་གྱིན་ཡོད་པ་ལས་བྱེ་བྲག་ཅིག

མགོ་ལོག་ཨ་སྐྱོང་སྦྲ་སར་གྱི་དམངས་ཁྲོད་ཕ་སྐད་མྱུར་སྐྱོབ་ཚོགས་པའི་ཚོགས་གཙོ་སྦྲ་སར་ཚེ་རིང་བསམ་འགྲུབ་ལགས་ཀྱིས་ཕུལ་བྱུང་སློབ་མར་བྱ་དགའ་སྤྲོད་བཞིན་པ།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2015/2/9 བལྟ་ཀློག (5500)