བློ་ཡུལ་དུ་ཤོང་དཀའ་བའི་དམར་མཆོད།


བློ་ཡུལ་དུ་ཤོང་དཀའ་བའི་དམར་མཆོད།     

      བོད་ཀྱི་བང་ཆེན་ ༢༠༡༥ ཟླ་བ་ ༧ ཚེས ༢༨ དུས་ཚོད ༡༢:༣༥ ཕྱི་དྲོ་བལ་ཡུལ་དུ་ཡུལ་མི་ཞིག་གིས་ཕྲུ་གུ་ལོ་༡༠ ཅན་པ་ཞིག་བསད་དེ་དམར་མཆོད་ཕུལ་བར་བརྟེན། བལ་ཡུལ་ཉེན་རྟོག་པས་གནད་དོན་དེ་དང་འབྲེལ་བའི་མི་༡༡ འཛིན་བཟུང་བྱས་ཡོད་འདུག 

      དེ་ཡང་ཟླ་འདིའི་ཕྱི་ཚེས་༢༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། བལ་ཡུལ་གྱི་མཐའ་མཚམས་གྲོང་གསེབ་པ་ཞིག་གིས། རང་ཉིད་ལ་བུ་ཕྲུག་ནད་པ་ཞིག་ཡོད་པ་དེ་དྲག་ཆེད། ས་གནས་ཆོས་དཔོན་གྱི་བཀའ་ལྟར། ཕྲུ་གུ་ལོ་༡༠ ཡིན་པ་ཞིག་གི་སྐེ་བཅད་དེ་དམར་མཆོད་ཕུལ་ཡོད་པ་དང་། བུ་ཕྲུག་དེའི་ཕུང་པོ་ཉིན་གསུམ་གྱི་རྗེས་སུ་རྙེད་སྐབས། ཕྲུ་གུའི་མགོ་བོ་ཕུང་པོ་ལས་ཆད་གྲབས་ཡོད་སྐོར་ཉེན་རྟོག་པས་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་བྱས་འདུག

       ཉེས་ཅན་པ་དེས་ས་གནས་ཆོས་དཔོན་གྱིས་རང་གི་བུ་ཕྲུག་ནད་པ་དེ་དྲག་ཆེད་མི་ཞིག་དམར་མཆོད་བྱ་དགོས་པ་བཤད་པར་བརྟེན། ཁོ་དང་སྤུན་མཆེད་ཁ་ཤས་ཀྱིས་ཕྲུ་གུ་དེར་ཏན་ཤེལ་བག་ལེབ་སྤྲད་རྗེས་སྒོར་༥༠ སྟེར་རྒྱུའི་མགོ་བསྐོར་ཏེ། དམར་མཆོད་བྱེད་ཡུལ་གྱི་ལྷ་ཁང་ཞིག་ལ་ཁྲིད་དེ། ཕྲུ་གུ་དེའི་མགྲིན་པ་བཅད་པ་ཡིན་སྐོར་ཉེན་རྟོག་པར་འགྲེལ་བརྗོད་བྱས་འདུག

གནད་དོན་དེ་དང་འབྲེལ་ཐད་ཆོས་དཔོན་དང་། ཉེས་ཅན་པ་གཉིས་བཅས་མི་གྲངས་ཁྱོན་༡༡ འཛིན་བཟུང་བྱས་ཡོད་འདུག་ལ། ཉེས་ཅན་པ་གཙོ་བོར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་འདུག་པ་དང་། གྲོང་གསེབ་དེར་དུད་འགྲོ་དམར་མཆོད་བྱེད་པའི་ལུགས་སྲོལ་དར་སྲོལ་ཆེན་པོ་ཡོད་འདུག“གནས་ཚུལ་དེ་ནི་སེམས་སྐྱོ་དགོས་པ་ཞིག་ཡིན།   ང་ཚོ་གཞུང་ངོས་ནས་རྨོངས་དད་ཀྱི་དམར་མཆོད་དེ་འདྲ་བྱེད་མི་རུང་བའི་སྐོར་གོ་རྟོགས་སྤེལ་རྒྱུ་ཡིན་” ཞེས་ས་གནས་འགོ་འཛིན་གྱིས་བརྒྱུད་ལམ་ཁག་ལ་བཤད་ཡོད་འདུག  

གསར་འགོད་པ་སྐལ་བཟང་དོན་གྲུབ།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2015/7/29 བལྟ་ཀློག (5382)