སེར་སྨད་དགེ་བཤེས་༧བློ་བཟང་རྒྱ་མཚོ་མཆོག་གི་བཀའ་སློབ་བྱིན་ཅན་ཞིག


བཀའ་སློབ་ཟབ་མོ།

      དྲིན་ཅན་རྩ་བའི་བླ་མ་སེར་སྨད་དགེ་བཤེས་༧བློ་བཟང་རྒྱ་མཚོ་མཆོག་ལ། སྟོང་སྐོར་དགོན་སློབ་གཉེར་ཁང་གིས། སྟོང་སྐོར་དགོན་པའི་དགེ་འདུན་པ་རྣམས་དང་། ལྷག་པར་དུ་ཉིན་མཚན་དབྱེར་མེད་དུ་སློབ་སྦྱོང་ལ་དུས་མདའ་བའི་སློབ་མ་ཡོངས་ལ་འཇམ་དབྱངས་དཀར་པོའི་རྗེས་གནང་སྐོར་རོགས་གནང་ཞེས་གསོལ་བ་ལན་བརྒྱ་བཏབ་པས་སྤྱི་ལོ ༢༠༡༥ལོའི་ཟླ ༨པའི་ཚེས་ ༢༦ ཉིན་གཏན་ཁེལ་བའམ། དམ་པ་ཁོང་གིས་ཞལ་གྱིས་བཞེས་ཏེ། དེའི་ཉིན་མོར་སློབ་བུ་ཀུན་གྱིས་དགའ་སྤྲོའི་ངང་ནས་འཇམ་དབྱངས་དཀར་པོའི་རྗེས་གནང་ཟབ་རྒྱས་ཞུས། སྔོན་འགྲོའི་བཀའ་སློབ་སྐོར་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་ཕན་ཐོགས་སུ་དམིགས་ཏེ་གསུང་གི་ལེགས་བཤད་གཙོ་ཆེ་བ་རྣམས་ཡིག་ཐོག་ཏུ་བཀོད་པ་ལགས།

     དེ་ཡང་།  དམ་པ་ཁོང་གིས། འོ་ལགས་སོ། མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་པ་ནས། ཁམས་གསུམ་འགྲོ་བའི་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོས། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ། །ཚུལ་འདི་བསམས་ནས་འཇིག་རྟེན་བྱ་བ་ཀུན། །སྦུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པ་དགོས། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་གསུང་པ་ལྟར། སྔོན་འགྲོའི་ཆོས་བཤད་ཀྱི་དབང་དུ་བྱས་ན། ཐོག་མར་ཀུན་སློང་དང་ཀུན་སྤྱོད་ལེགས་པའི་སྒོ་ནས་གསན་དགོས་རྒྱུ་ཡོད་རེད། དང་བོ་ཀུན་སློང་ནི། ངེས་འབྱུང་། བྱང་སེམས། ཡང་དག་པའི་ལྟ་བ་བཅས་གང་ཞིག་གིས་ཟིན་ནའང་ཡག་པོ་ཡོད་རེད། དེ་ཡང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིན་ན། མཉམ་མེད་ཇེ་བོ་རྗེའི་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་རིགས་གཉིས་ཡོད་ཀྱང་། དཔེ་ཆ་ལེགས་པོ་ཤེས་མཁན་ཚོར་ཞུ་དགོས་ཡས་ཡོད་མ་རེད། འཛིན་གྲྭ་དམའ་བ་ཚོ་ཡིན་ནའང་ག་ལེ་ག་ལེ་རིམ་པ་བཞིན་ཤེས་རྒྱུ་ཡིན་པས་དེ་ཙམ་ཡིན། དེ་ནས། ཀུན་སྤྱོད་ལ་མང་བོ་ཞུ་ཡས་ཡོད་ཀྱང་། དུས་ཚོད་ཀྱི་དབང་གིས་མདོར་བསྡུས་ཤིག་མ་གཏོགས་ཞུ་རྒྱུ་མིན། དེ་ཡང་། རང་ཅག་ལ་མཚོན་ན་རབ་བྱུང་བའི་སྡེ་ཡིན་ཙང་། འགྲོ་འཆག་ཉག་འདུག་གང་ཐད་ནས་ཆོས་འདུལ་བ་དང་མཐུན་པར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཞེ་དྲག་རེད། ལྷག་པར་དུ་མཚོན་ཆའི་རིགས་རྩ་བ་ནས་གདགས་མི་རུང་། དེང་སང་རང་ཅག་གི་དགོན་པ་ལ་མཚོན་ན། མཚོན་ཆའི་རིགས་འདོགས་མཁན་མི་འདུག དངོས་གནས་ཡག་པོ་ཞེ་དྲག་རེད། ཁྱིམ་པ་ཡིན་ནའང་མཚོན་ཆ་འདོགས་མི་རུང་སྟེ། ཡང་ན་གཞན་ལ་གནོད་ཡས་དང་། ཡང་ན་རང་ལ་གནོད་ཡས་རང་རུང་ཞིག་ལས་མ་འདས། ངས་ཁྱེད་རྣམ་པ་ཚོར་ལོ་རྒྱུས་ཤིག་བཤད། སྔར་ང་ཆུང་ཆུང་སྐབས་ངེད་ཅག་གི་དགོན་པ་ནང་། རལ་ཧང་བླ་མ་ཟེར་བ་ཞིག་ཡོད། ཁོང་ཕ་ཡུལ་ནི་རལ་ཧང་ནས་ཡིན་པས་ཁོང་ལ་རལ་ཧང་བླ་མ་ཟེར། ལམ་རིམ་ཆེན་མོ་བློ་ཐོག་ནས་སྤྱོད་ཡས་ཡོད། དེ་ནས། ཁོང་གྲྭ་ས་སེར་སྨད་ལ་ཕེབས་ཏེ། གྲྭ་ཚང་གི་མཁན་པོ་ལ་ལམ་རིམ་ཆེན་མོ་ཆ་ཚང་བློ་རྒྱུགས་མཐར་ཕྱིན་པ་སྤྲད་ནས་འཕྲོད། སྤྱོད་པ་ཧ་ཅང་ཡ་མཚན་འདྲ་ཡོད་རེད། དེ་ནས། གྲྭ་ཚང་གི་མཁན་པོ་ཧ་ཅང་ཐུགས་དགྱེས་ཏེ། མཁན་པོས། སློབ་མ་ཞིག་ལ་རལ་ཧང་བླ་མ་ཟེར་བའི་གྲྭ་བ་ཡག་པོ་ཞེ་དྲག་ཅིག་འདུག དེའི་གྲྭ་ཤག་ལ་གཅིག་ལྟ་སོང་། གྲྭ་ཤག་དང་། ན་བཟའ། བཞེས་པ་སོགས་གང་ཐད་ནས་དཀའ་ངལ་ཡོད་ན། ངེད་གྲྭ་ཚང་ནས་རོགས་རམ་བྱ་རྒྱུ་ཡིན་ཞེས་གསུངས་པས། དེ་མ་ཐག་སློབ་མ་ནི་རལ་ཧང་བླ་མའི་གྲྭ་ཤག་ལ་སོང་། རལ་ཧང་བླ་མས་མདུན་དུ་དཔེ་ཆ་ཞིག་བཤམས། རྒྱབ་ལོགས་གྲི་དང་བོའུ་ཞིག་བཤམས་ནས་བཞུགས་འདུག་པས། སློབ་མ་ཧང་སང་སྟེ་ཅི་ཡང་མ་སྨྲས། དེ་ནས། སློབ་མ་ཕྱིར་ལོག་ཏུ་མཁན་པོའི་མདུན་དུ་ཕེབས། སློབ་མས། མཁན་པོ་ལགས། རལ་ཧང་བླ་མ་བཞུགས་འདུག མདུན་དུ་དཔེ་ཆ་དང་། རྒྱབ་ལོགས་གྲི་དང་བོའུ་ཞིག་བཤམས་འདུག་པས་ཁོ་བོ་ཧང་སང་བ་ལས་ཡ་མཚན་ཞིག་གཏན་ནས་སྣང་མ་སོང་། དེས་ན། གྲྭ་ཚང་མཁན་པོ་མཆོག་གིས་ཁྱེད་ལ་རོགས་རམ་འདི་ལྟར་དགོས་ཞེས་ཅི་ཡང་མ་སྨྲས་ཞེས། མཁན་པོ་མཆོག་ལ་ཞུས། མཁན་པོས། དེ་འདྲ་ཡིན་རྒྱུ་མ་རེད་ཅེས་གསུངས་པ་ལ། སློབ་མས། ཏན་ཏན་རེད་ཅེས་ཞུས། དེའི་སྐོར་དགེ་བཤེས་ཁོ་བོས་ཀྱང་རྫུན་བཤད་དགོས་དོན་མེད། ད་ལྟའི་དུས་ཀྱི་སེར་སྨད་གྲྭ་བ་རྒན་པ་ཚོའི་མཁྱེན་རྒྱུ་རེད། དེར་མ་ཟད། དེའི་རྗེས་སུ་རལ་ཧང་བླ་མ་སེ་ར་བསྡད་རྒྱུ་མ་བྱུང་བར་བཀྲ་ཤིས་ལྷུན་པོར་ཕེབས། སྔར་བཞིན་པཎ་ཆེན་རིན་པོ་ཆེའི་སྐུ་འདུན་དུ་ལམ་རིམ་ཆེན་མོ་རྒྱུགས་སྤྲད་ནས་འཕྲོད་ཡོད་པ་རེད། ཡང་པཎ་ཆེན་རིན་པོ་ཆེས། ཁོང་ལ་རོགས་རམ་བྱ་དགོས་གསུངས་ཏེ་སློབ་མ་ཞིག་ཁོང་ལ་ལྟ་མཁན་བཏང་ཡང་། སྔར་བཞིན་གྲི་དང་བོའུ་བཤམས་འདུག་པས། ཡང་ཡག་པོ་མ་བྱུང་། རྒྱུ་མཚན་དེས་ན། རལ་ཧང་བླ་མ་ནི་སེར་སྨད་དང་བཀྲ་ཤིས་ལྷུན་པོ་གང་ལའང་བཞུགས་རྒྱུ་མ་བྱུང་། དེའི་སྐོར་བཀྲ་ཤིས་ལྷུན་པོའི་དགེ་བཤེས་ཆེ་ཁག་ཅིག་གིས་ང་ལ་གསལ་བོ་གསུངས་སོང་། ངོ་མ་བདེན་པ་རེད་འདུག འོ་དེ་རྣམས་ངེད་ཅག་གི་གོ་དགོས་ཡས་ཤིག་ཀྱང་རེད་ལགས། དེ་རྣམས་ཀུན་སྤྱོད་ངན་པའི་མཚོན་གཞི་ཞིག་ཀྱང་ཡིན། དེས་ན། ངེད་ཅག་ཚང་མའི་ཕྱོགས་གང་ཐད་ནས་ཀུན་སྤྱོད་ཡག་པོ་ཞིག་ཧ་ཅང་གལ་ཆེན་པོ་ཞེ་དྲག་རེད། མདོར་ན། ངེད་ཅག་ཚང་མ་རབ་བྱུང་བ་ཞིག་ཡིན་པས་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཐམས་ཅད་ལམ་དང་ལུགས་སྲོལ་ཙམ་ལས་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མི་འགལ་ཞིང་། ཆོས་འདུལ་བའི་བཅས་ཁྲིམས་དང་མཐུན་པ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད། དེ་ནས། རྗེས་གནང་དངོས་གཞིའི་དཔེ་ཆ་འདི་གང་ནས་བྱུང་བ་རེད་ཟེར་ན། རྗེ་བཙུན་འཇམ་པའི་དབྱངས་ཀྱིས། རྗེ་ཙོང་ཁ་པ་ལ་དངོས་སུ་གནང་བའི་སྐོར་རྣམ་ཐར་གསལ་པོ་ཡོད་རེད། དེ་ནས་རིམ་གྱིས་དབང་གི་རྒྱུད་བར་མ་ཆད་པར་སྐྱབས་མགོན་ཐམས་ཅད་མཁྱེན་པའི་ཐུགས་རྒྱུད་ལ་འབྱོར། ཁོ་བོ་རྒྱ་གར་ཡོད་སྐབས་ཐམས་ཅད་མཁྱེན་པས་ངེད་ཅག་ལ་གནང་སོང་། དེས་ན། ཁོ་བོ་ལ་འདིའི་དབང་གི་རྒྱུད་ཡག་པོ་ཞིག་ཡོད་པས། དེ་རིང་ཁྱེད་ཅག་ལ་རྩིས་སྤྲད་རྒྱུ་ཡིན། འདིའི་དཔེ་ཆ་གང་ནས་རག་པ་ཡིན་ཟེར་ན། དགའ་ལྡན་ཁྲི་རིན་པོ་ཆེས་ཁོ་བོའི་སློབ་བུ་དགྱ་ཞིག་ལ་གནང་། དེ་ནས་ཆེད་དུ་ཁྱེར་ཡོང་བ་དེ་འདྲ་ཡིན། འདིའི་ནང་ཅི་འདྲ་གསུང་འདུག་ཟེར་ན། ཐོག་མར་ཁམས་གསུམ་འགྲོ་བའི་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོས། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ། །ཚུལ་འདི་བསམས་ནས་འཇིག་རྟེན་བྱ་བ་ཀུན། །སྦུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པ་དགོས། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་གསུངས། གསུང་གི་ལེགས་བཤད་ལ་འགྲེལ་བཤད་མདོར་བསྡུས་ཤིག་ཞུས་ན། དལ་བའི་རྟེན་ཞེས་པ་མི་ཁོམ་པའི་གནས་བརྒྱད་དང་བྲལ་ཞིང་ཆོས་དལ་བའི་རྟེན་ཡིན་པས་ན་དལ་བའི་རྟེན་ཟེར་བ་དང་། གླིང་རྒྱལ་པོ་སོགས་ལ་ཡིད་བཞིན་ནོར་བུ་མང་བོ་ཡོད་ཀྱང་། ཚེ་འདི་ལས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་ཕན་ཐོགས་སུ་མེད་པས་མི་ལུས་རིན་ཆེན་འདི་ཡིད་བཞིན་ནོར་ལས་ལྷག་པ་རེད་ཅེས་གསུང་པ་རེད། དེ་ནས། འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །རྙེད་དཀའ་ཞེས་རྙེད་དཀའ་ཚུལ་ཡང་ལམ་རིམ་ཆེན་མོ་ལས། དཔེའི་སྒོ་ནས་རྙེད་དཀའ་བ་དང་། དོན་གྱི་སྒོ་ནས་རྙེད་དཀའ་ཚུལ་རྒྱས་པར་གསུང་ཡོད་ཀྱང་དེ་རིང་དུས་ཚོད་ཀྱིས་དེ་ཙམ་ཡིན། དེ་ནས། འཇིག་སླ་ནམ་མཁའི་གློག་དང་འདྲ་ཞེས་པའི་དོན་ནི། དམྱལ་བའི་ཚེ་ཚད་དང་ལྷའི་ཚེ་ཚད་ལ་ལྟོས་ན་ངེད་ཅག་གི་མི་ཚེ་འདི་ནམ་མཁའི་གློག་བཞིན་ཡུན་ཐུང་ཐུང་རེད། དཔེར་ན། འཕགས་པ་ཐོག་མེད་རྗེ་བཙུན་བྱམས་མགོན་གྱི་མདུན་དུ་ཕེབས། ལྷའི་ཉིན་མོ་གཅིག་གི་སྔ་དྲོའི་དུས་ཚད་ལ་ཆོས་ཞུས་ནས་ཕྱིར་འཛམ་གླིང་དུ་ཕེབས་སྐབས། དུས་དེར་འཛམ་གླིང་གི་ཚེ་ཚད་མི་ལོ་བཅུ་གཉིས་འགྲོ་ཚར་བས། འོ་དེ་ལྟ་བུའི་ངེད་ཅག་གི་ཚེ་ཚད་ནི་ཧ་ཅང་ཡུན་ཐུང་བ་ཞིག་ཡིན། དེ་ནས། ཚུལ་འདི་བསམས་ནས་འཇིག་རྟེན་བྱ་བ་ཀུན། །སྦུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས། །ཞེས་པའི་དོན་ནི་དཔེར་ན། ཞིང་ཁར་ས་བོན་བཏབ་ནས་མྱུ་གུ་སྐྱེས་སོང་ན། ས་བོན་མྱུ་གུའི་ངོ་བོ་སོང་བས་སྦུན་པའམ་ཤུན་པ་ལས་གཞན་ལྷག་གི་མེད་པ་ལྟར། འཇིག་རྟེན་གྱི་བྱ་བ་ཀུན་མཐའ་སྙིང་པོ་ཡུན་རིང་ཞིག་ཡོད་མ་རེད། དེས་ན། ཚེ་འདི་བློས་བཏང་དགོས་ཞེས་པའི་དོན་ནོ། དེ་ནས། དེ་ལྟར་ཤེས་ནས་ཉིན་མཚན་ཀུན་ཏུ་ཆོས་སྙིང་པོ་ལེན་པ་དགོས། དེ་ཡང་། རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད་ནས་ཡོད་པས་ངེད་ཅག་ལ་འཇམ་མགོན་བདག་ཉིད་ཆེན་པོས་ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་གདམས་ངག་ཁྱད་པར་ཅན་ཞིག་གནང་བ་རེད། འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསླབ་བྱའི་གཙོ་བོ་འདྲ་བོ་ཡོད་རེད། ངས་དབྱིན་སྐད་ཐོག་ནས་བཤད་ན། འདི་འདྲ་རེད། ཅེས་གསུངས་ཏེ་དབྱིན་སྐད་ཐོག་ནས་གསུངས་ཀྱང་། སྒྲ་ཕབ་མཁན་ཤེས་ཚད་དམའ་བས་དབྱིན་ཡིག་དང་། དགྱ་ཡིག སཽ་ཀྲི་ཏའི་ཡི་གེ་བཅས་འབྲི་མི་ཤེས་པ་ལ་སྒྲ་ཕབ་བ་པོས། དགེ་བཤེས་མཆོག་དང་གཟུར་གནས་བློ་ལྡན་རྣམས་ལ་དགོངས་དག་ཞུ། མདོར་ན། དགེ་བཤེས་མཆོག་གི་བྲག་ཐོག་ནས་ཆུ་ཤོར་བ་ལྟར་སྐད་རིགས་ཆེན་མོ་བཞིའི་སྒོ་ནས་ཆོས་གསུངས་པའི་རྣམ་ཐར་སྟོང་སྐོར་དགོན་པའི་སློབ་བུ་ཀུན་གྱིས་ཤེས། མཚམས་འདི་ནས་དགེ་བཤེས་མཆོག་གིས། སློབ་བུ་ཁྱེད་ཅག་ཀྱང་རང་གི་སྐད་ཡིག་ལ་མ་རྨོངས་པའི་སྒོ་ནས་གཞན་གྱི་སྐད་ཡིག་ག་ཚོད་ཤེས་ནའང་ཡ་མཚན་ཡིན་པ་དང་། དེ་ནས། རྒྱ་གར་ཀྱི་སྐད་བོད་སྐད་ཐོག་བསྒྱུར་ན། འདི་ལྟར། སྡིག་པའི་གྲོགས་པོ་ཐག་རིང་དུ་གཏོང་དགོས། དགེ་བའི་གྲོགས་པོ་དང་འབྲེལ་བ་བྱོས། ཁམས་གསུམ་གྱི་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་ཐམས་ཅད་མི་རྟག་པ་རེད། དེས་ན་ཉིན་མཚན་ཀུན་ཏུ་དགེ་བའི་ལས་ལ་འབད། ཅེས་པའི་དོན་ནོ།། དེ་ནས། དེའི་འོག་ཏུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་རེད། ཐོག་མར་སངས་རྒྱས་དཀོན་མཆོག་ཅེས་པའི་སངས་ཞེས་པ་སྒྲིབ་གཉིས་ཀྱི་མུན་པའི་གཉིད་ལས་སངས་བས་ན་སངས། ཤེས་བྱ་ཐམས་ཅད་ལ་བློ་གྲོས་པད་མའི་འདབ་མ་ལྟར་རྒྱས་པས་ན་རྒྱས། སངས་རྒྱས་ཀྱི་སྐུའི་ཡོན་ཏན། གསུང་གི་ཡོན་ཏན། ཐུགས་ཀྱི་ཡོན་ཏན་སོགས་ཚན་རིག་དང་འབྲེལ་བའི་ཐོག་ནས་ཤེས་རྒྱུ་གལ་ཆེན་པོ་རེད། དེ་ལྟར་མ་ཡིན་ན། དུས་རབས་ཉེར་གཅིག་པ་འདིར། མིག་གིས་མཐོང་ཡས་དང་། ལག་པས་རེག་རྒྱུ་མེད་ན་མེད་ཟེར་མཁན་ཡང་མང་བོ་ཡོད་པས་ངེས་པར་དུ་ཚན་རིག་དང་འབྲེལ་བའི་ཐོག་ནས་འགྲེལ་བཤད་གནང་རྒྱུ་སློབ་སྦྱོང་བྱ་དགོས། སྐུའི་ཡོན་ཏན་མཚན་བཟང་པོ་སུམ་བཅུ་རྩ་གཉིས་ནི། ཕྱག་ཞབས་འཁོར་ལོས་མཚན་པ་དང་། རུས་སྦ་ཞབས། ཕྱག་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ། སོར་མོ་རིང་བ། བྱིན་པ་ཨེ་ན་ཡའི་འདྲ་བ། པགས་པ་གསེར་མདོག་འདྲ་བ། བ་སྤུ་རེ་རེ་ནས་གཡས་སུ་འཁྱིལ་བ། འགྲམ་པ་སེང་གེའི་འདྲ་བ། སྤྱན་མཐོན་མཐིང་འདྲ་བ་སོགས་མང་བོ་ཡོད་པ་དང་། ད་ལྟའི་རྒྱ་གར་གྱི་མི་རྣམས་ཀྱི་བཤད་ཚུལ་ལ། སྔོན་མ་ཞིག་ལ་རྒྱ་གར་རང་གི་རྒད་མོ་ཞིག་ཡོད། རྒད་མོས། སངས་རྒྱས་མཇལ་མྱོང་མཁན་དུས་སྐབས་འདིར་ཁོ་བོ་མ་གཏོགས་མེད། ཁོ་བོས་སངས་རྒྱས་ཀྱི་སྐུའི་ཡོན་ཏན་ཆ་ཚང་ཤེས་ཀྱིན་ཡོད་ཅེས་བཤད། དེའི་རྐྱེན་བྱས་རྒད་མོར་སྐད་ཆ་འདྲི་བཞིན་གཞན་ཞིག་གིས་སངས་རྒྱས་ཀྱི་སྐུ་གཅིག་བཞེས། སངས་རྒྱས་སྐུ་བཟོས་ནས་ལེགས་པར་ཚར་བའི་ཉིན་མོར། རྒད་མོས་ཞིབ་ཏུ་མཇལ་ནས་སྐའི་ཡོན་ཏན་གཅིག་ཚང་གི་མི་འདུག གང་ཞེ་ན། སྐུའི་འོད་ཟེར་འདམ་ག་གང་ཡོད་པར་འདིར་དེ་ཚང་མི་འདུག ཅེས་བཤད། འོ་དེ་ལྟ་བུའི་ལོ་རྒྱུས་ཡོད་རེད། དྲང་ངེས་ལེགས་བཤད་སྙིང་པོ་ལས། རློམ་པས་འགྱིང་རྣམས་ཀྱིས་ཀྱང་གང་གི་སྐུ། །མཐོང་བའི་མོད་ལ་ཉི་མས་མེ་ཁྱེར་བཞིན། །ཞེས་གསུང་པ་ལྟར། འཇིག་རྟེན་གྱི་ལྷ་རྣམས་ལ་འོད་ཟེར་ཡོད་པས་ང་རྒྱལ་ཆེན་པོ་ཡོད་ཀྱང་། སངས་རྒྱས་བཅོམ་ལྡན་འདས་སྐུའི་འོད་ཀྱིས་ཟིལ་གྱིས་མནན་པ་རེད། འོ་དེ་ནས། གསུང་གི་ཡོན་ཏན་ཡིན་ན། གསུང་གཅིག་ཉིད་དུ་གསུང་མོད་ཀྱང་། །དུ་མ་ཉིད་དུ་སོ་སོར་གོ། །ཞེས་གསུང་པ་བཞིན་རེད་འདུག སྤྱིར་བཏང་། སངས་རྒྱས་ཀྱི་གསུང་གི་ཡོན་ཏན་ལ་སྐད་རིགས་མང་བོ་ཡོད་ཀྱང་། དེང་སང་པ་ལྰ་སྐད་དང་། སཽསྐྲིའི་ཏའི་སྐད་གཉིས་མ་གཏོགས་ལྷག་ཡོད་མ་རེད། དཔེ་ཆ་གཞི་བཞག་ནས་བཤད་ན། ན་མོ་རྒྱལ་བ་ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། གྲུལ་བམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་ཀྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཞེས་གསུང་པ་ལྟར་དད་པ་སྐྱེས་དགོས་པ་རེད། མདོར་ན། བཅོམ་ལྡན་འདས་ཀྱིས་ཐོག་མར་པ་ལྰ་སྐད་ཀྱི་ཐོག་ནས་སུ་ཞིག་ལ་ཆོས་བསྟན་ནའང་སོ་སོའི་སྐད་ཀྱི་ཐོག་ནས་གོ་བ་ལེན་ཐུབ་པ་དང་། མི་བརྒྱ་ཐམ་པས་དྲི་བ་མི་འདྲ་བ་བརྒྱ་ཐམ་པ་དུས་གཅིག་ཏུ་བཅོམ་ལྡན་འདས་ལ་ཞུས་ནའང་། དེ་ཐམས་ཅད་ལ་བཅོམ་ལྡན་འདས་ཀྱི་གསུང་གཅིག་གིས་ལན་མི་འདྲ་བ་བརྒྱ་ཐམ་པ་འདེབས་པའམ་ཐེབས་པའི་ནུས་པ་ཡོད་རེད། དུས་ཚོད་ཀྱི་དབང་གིས་གསུངས་དབྱངས་ཡན་ལག་དྲུག་བཅུ་རེ་རེ་ནས་བཤད་མི་དགོས་པ་དེ་འདྲ་ཡིན། དེ་ནས། ཐུགས་ཀྱི་ཡོན་ཏན་མདོར་བསྡུས་ན། ཆོས་ཐམས་ཅད་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་དུ་དུས་གཅིག་ཏུ་མངོན་སུམ་དུ་གཟིགས་པ་ལའོ།།

      འོ་དེ་ལྟ་བུའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་ཅུང་ཟད་རེ་ཞུས་ཚར་བས་སངས་རྒྱས་དཀོན་མཆོག་ཅེས་པ་དེ་ལྟ་བུ་ཞིག་རེད། དེ་ནས། དཀོན་མཆོག་གཉིས་པ་ཆོས་དཀོན་མཆོག་ཞེས་པའི་ཆོས་ནི། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་འདུས་པ་ཞིག་དང་། ཆོས་དཀོན་མཆོག་ལ། དོན་དམ་པའི་ཆོས་དཀོན་མཆོག་དང་། ཀུན་རྫོབ་པའི་ཆོས་དཀོན་མཆོག་གཉིས་ཡོད་པ་ལས་འགོག་པ་ལྟ་བུ་དང་བོ་དང་། གསུང་རབ་རྣམས་གཉིས་པ་ཡིན། དཀོན་མཆོག་གསུམ་གྱི་ནང་ནས་ཆོས་དཀོན་མཆོག་ནི་ཚད་མས་ངེས་དཀའ་བ་ཞིག་ཡིན་ཞེས་བཤད་པ་ལྟར། དངོས་གནས་ཐར་པ་ལ་སོགས་པ་ཤིན་ཏུ་ལྐོག་གྱུར་རེད། གསུམ་པ་དགེ་འདུན་དཀོན་མཆོག་ནི། རིག་གྲོལ་གྱི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་འཕགས་པའི་གང་ཟག་ཞིག་ལའོ།། དལ་འབྱོར་རྙེད་དཀའ་ཅུང་ཟད་ཞུས་ཚར་བ་བྱས། དེ་ནས། འཆི་བ་མི་རྟག་སྐོར་ཡིན་ན། རབ་བྱུང་སྡེ་དང་ཁྱིམ་པའི་སྡེ་གང་ཞིག་ཡིན་རུང་འཛིང་རེས་བྱེད་མི་རུང་། འཛིང་རེས་བྱས་ན་གཅིག་འཆི་རྒྱུའི་ཉེན་ཁ་ཡོད་རེད། རྒྱ་གར་ལ་མཚོན་ན་ངེད་ཅག་བོད་པ་མང་བོ་ཡོད། མཚམས་མཚམས་བོད་པ་འགའ་ཞིག་གིས། རྒྱ་གར་མི་ལ་ཁྱེད་ཚོར་སྤོབས་པ་ཡོད་ན་དེ་ན་བསྡད། ངེད་གཉིས་འཛིང་རེས་བྱ་དགོས་ཟེར་ཡང་། རྒྱ་གར་མི་རྣམས་ཀྱིས། ང་ལ་འཛིང་སྤོབས་མེད། ཅིའི་ཕྱིར་ན། ཕ་མ་འཚོལ་རྒྱུ་ཡོད། བུ་རྒྱུད་ཡོད། ཁང་ས་གཞི་ཡོད། ཁྱེད་ཅག་དེ་ལྟར་མ་ཡིན་ནོ། ཞེས་བཤད་དེ་འགྲོ་ལམ་དྲང་པོའི་ཐོག་ནས་འགྲོ། དངོས་གནས་ཡ་མཚན་རེད། དཔའ་བོ་ཟེར་ན་དེ་རེད། ངེད་ཅག་བོད་པ་ཚང་གིས་བྱ་བ་ཆུང་ཆུང་ཞིག་གི་རྐྱེན་བྱས་ནང་ཕན་ཚུན་འཛིང་རེས་བྱས་ནས་མི་བསད་པའི་ལོ་རྒྱུས་མང་བོ་ཡོད། དེ་རྣམས་དཔའ་བོ་མ་རེད། མི་གསོད་མཁན་རྣམས་མི་ངན་རེད། འཇིག་རྟེན་གཏམ་དཔེ་ལ། མི་བཟང་བརྒྱ་ཡོད་ཀྱང་ཉུང་བའི་སྐྱོན། མི་ངན་གཅིག་ཡོད་ཀྱང་མང་བའི་སྐྱོན། ཞེས་པ་ལྟར། མི་གསོད་མཁན་གཅིག་ཡོད་ནའང་མི་ངན་མང་བའི་སྐྱོན་དང་། ཡང་ན་འཛིང་རེས་བྱས་ནས་ཕ་རོལ་པོ་གཅིག་བསད་ན་རང་གི་རྒྱུ་ནོར་དཔལ་འབྱོར་ཚང་མ་ཤོར་ཏེ། རང་གི་ཁྱིམ་མི་ཚང་མར་སྡུག་གཏེར་བའི་ལོ་རྒྱུས་ནི་ངེད་ཅག་ཚང་མས་ཤེས་གསལ་ལྟར་རེད། དེ་རྣམས་གཟབ་གཟབ་དགོས། དཔེ་ཁྲིད་དགེན་རྣམས་ཀྱིས་དཔེ་ཆ་ཁྲིད་སྐབས་ནམ་རྒྱུན་སྐྱབས་འགྲོའི་སྐོར་དང་འདིའི་སྐོར་མང་བོ་བཤད་དེ། དགེ་ཕྲུག་རྣམས་ཀྱི་སེམས་ལ་ནང་ཆོས་ཀྱི་བག་ཆགས་ཟབ་མོ་རེ་བཞག་ན་མ་འོངས་པར་ཕན་ཐོགས་ཆེན་པོ་ཡོད་ས་རེད་བསམ་བཞིན་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ནོར་གྱི་ནང་ནས་མཆོག་ཏུ་གྱུར་པ་ནི་ཐོས་པའི་བག་ཆགས་ཡིན། ཞེས་གསུངས། དངོས་གནས་ཕྱིའི་འབྱོར་བ་ཇི་ཙམ་ཡོད་ཀྱང་འབྱུང་བ་བཞིས་གནོད་པ་ཡོད་པས་ནོར་གྱི་ནང་ནས་མཆོག་ཏུ་གྱུར་པ་ནི། ཐོས་བསམ་སྒོམ་གསུམ་རེད། མཚམས་འདི་ནས་ཞུ་དགོས་ཡས་ཤིག་ལ། ཁོ་བོ་ཐོག་མར་རྒྱ་གར་ནས་འོང་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་གཅིག་སོང་བ་དང་། གུང་ཐང་འཇམ་པའི་དབྱངས་སྐུ་ཕྲེང་སྔ་མ་མཇལ་མཁན་མཆིས་པ་ཡིན། འཇམ་པའི་དབྱངས་སྐས་འཛེག་ནས་ཕེབས་བཞིན་འདུག ཁོང་གི་སྐུ་སྲུང་བ། མ་ཟད། ཁོང་གི་དགེ་ཕྲུག་སྤྱན་རས་གཟིགས་དང་། ཕྱག་རྡོར་སོགས་མང་བོ་ཕེབས་བཞིན་འདུག ཧ་ལས་པ་དབང་ཐང་དང་བསོད་ནམས་ཆེན་པོ་རེད། ཅེས་པའི་མཚམས་འདིར་དགེ་བཤེས་མཆོག་འཇམ་པའི་དབྱངས་ལ་དད་པ་ཆེ་ཆེ་སྐྱེས་ཏེ་ཐུགས་སྐྱོ་བས་སྤྱན་ཆབ་ཉིལ་ཉིལ་མཛད། སློབ་བུ་ངེད་ཅག་གིས་ཆོས་ཉན་ཐབས་མ་བྱུང་བར་དུས་ཚོད་སྐར་མ་ལྔ་ཙམ་ཞིག་འཇམ་ཐིང་ངེ་སྒུག་དགོས་ཐུག དེའི་འཕྲོ་དགེ་བཤེས་མཆོག་གིས། ཁོ་བོ་ལ་འཇམ་པའི་དབྱངས་ཀྱིས། ཁྱེད་གང་ནས་འོང་ཞེས་དྲིས། ཁོ་བོས། རྒྱ་གར་ནས་འོང་ཞེས་ཞུས། འཇམ་པའི་དབྱངས་ཀྱིས། འོ་ཡག་པོ་འདུག ཁྱེད་ལ་ཅི་དགོས་ཞེས་དྲིས། ཁོ་བོས། གང་བློ་མའི་ལུང་ཞིག་གནང་རོགས་ཞེས་ཞུས། དེ་མ་ཐག་གང་བློ་མ་གསུངས་སོང་། དེས་ན། དེ་རིང་གང་བློ་མའི་ལུང་ཞིག་ཀྱང་ཡོད། དེ་ནི་ཁོ་བོ་རྒྱ་གར་ནས་འོང་སྟེ་ཁྱེད་རྣམས་ལ་ཆེད་དུ་སྤྲད་བྱའི་ནོར་རྩ་ཆེན་པོ་ཞིག་ཡིན། ཞེས་གསུངས་ཏེ་གང་བློ་མའི་ལུང་གསུངས། དེ་ནས། འཇམ་དབྱངས་དཀར་པོའི་རྗེས་གནང་དངོས་གཞི་གསུངས། དངོས་གཞིའི་མཚམས་འགའ་རེ་ལ། དགེ་བཤེས་མཆོག་གིས། འདི་ལྟ་སྟེ། སྡིག་པ་གཤོག་དགོས་ཡས་རྩ་ཆེན་པོ་རེད། སོ་སོའི་སྡིག་པ་སོ་སོས་གཤོག་དགོས་མ་གཏོགས་གཞན་གྱིས་བཤགས་ཀྱི་ཡོད་མ་རེད། དེ་ཡང་གཉེན་པོའི་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་ཀྱི་གལ་ཆེན་པོ་ཞེ་དྲག་རེད། སྡིག་པ་ལ་ཡོན་ཏན་གཅིག་ཡོད། གང་ཞེ་ན། བཤགས་ཀྱི་ཡོད་པ་དེ་ཁོ་བོའི་ཡོན་ཏན་རེད། ངེད་ཅག་གིས་ཀྱང་སྡིག་པ་ཚ་ཆེན་པོ་བསགས་ཡོད། དཔེར་ན། རང་གི་དགོན་པ་ལ་འགལ་བ་ཅུང་ཟད་བྱུང་ནས་ཅི་འདྲའི་དགེ་འདུན་དབྱེན་འབྱེད་པའམ་ཕྲ་མའི་སྐད་ཆ་མང་བོ་བཤད་ཀྱི་བྱུང་མྱོང་ཡོད་རེད། དེ་འདྲའི་སྡིག་པ་རྣམས་རང་གཞན་སུ་ལ་ཡོད་ནའང་དཀའ་ལས་ཁག་པོ་ཞེ་དྲག་ཡིན་ཙང་། གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་ཀྱི་གལ་ཆེན་པོ་ཞེ་དྲག་རེད། གལ་སྲིད་བཤགས་མ་ཤེས་ན་སྔོན་ཀྱི་མཁས་ཀྱི་རྣམས་ཀྱིས། མཁས་པའི་སྡིག་པ་ལྕི་ཡང་ཆུང་། །བླུན་པོའི་སྡིག་པ་ཆུང་ཡང་ལྕི། །ཞེས་གསུང་པ་ལྟར། སྡིག་པ་ཆུང་ཆུང་ཞིག་ཡིན་ནའང་རྣམ་སྨིན་སྡུག་བསྔལ་ཆེན་པོ་མྱོང་དགོས་པའི་ཉེན་ཁ་ཡོད་བསམ་བཞིན་ཡོད། བསམ་ཚུལ་གཞན་ཞིག་ལ་ངེད་ཅག་དགོན་པའི་འགལ་བ་ནི། ཚ་ཆེན་པོ་མ་ཡིན་སྙམ་སྟེ་སྔོན་མ་ནས་གྲྭ་ས་སེ་ར་དང་། འབྲས་སྤུངས། དགའ་ལྡན་སོགས་ལ་དཔེ་ཆ་ལྟ་མཁན་འགྲོ་ཆོག་པས་དེ་ག་རང་རེད་བསམ་བཞིན་ཡོད། ཡང་ན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། བླ་མ་མཆོད་པ་ལས། སྣོད་བཅུད་སྡིག་པའི་འབྲས་བུས་ཡོངས་གང་སྟེ། །མི་འདོད་སྡུག་བསྔལ་ཆར་ལྟར་བབས་གྱུར་ཀྱང་། །ལས་ངན་འབྲས་བུ་ཟད་པའི་རྒྱུར་མཐོང་ནས། །རྐྱེན་ངན་ལམ་དུ་ལོངས་པར་བྱིན་གྱིས་རློབས། །ཞེས་གསུངས་པ་ལྟར་རྐྱེན་ངན་ལམ་དུ་ལོངས་པ་ཡིན་ནམ་སྙམ་སྟེ་དགའ་སྤྲོ་སྐྱེ་བཞིན་ཡོད། ད་ལྟའི་དུས་སུ་ཁྱེད་རྣམ་པ་ཚོ་མང་ཆེ་བ་གྲྭ་ས་གཞན་ལ་ཕེབས་པས་ཅི་འདྲའི་སློབ་སྦྱོང་ཡར་རྒྱས་འགྲོ་འདུག སྔར་འདི་ལྟར་མིན་ནམ། དེང་སང་དཔེར་ན། ཚོགས་ལངས་རྒྱག་སྐབས་ཚོགས་ལངས་བས་ཁྱབ་ལོག་གཅིག་སྒྲ་ནའང་། གྲྭ་ཕྲུག་ཆུང་ཆུང་ཚོས་ཤེས་ཏེ་ཁོ་ཚོ་གད་མོ་འཆོར་བཞིན་འདུག དེར་མ་ཟད། ད་ལོའི་མདོ་ཁམས་འཇང་དགུན་ཆོས་ཚོགས་ཆེན་མོའི་སྐབས་སུ་བསྟན་བཅོས་ཚད་མ་རྣམ་འགྲེལ། འཆད་རྩོད་རྩོམ་གསུམ་གྱི་རྒྱུགས་ལེགས་པར་སྤྲོད་དེ། རྒྱུགས་འབྲས་ཨང་རིམ་དང་བོའི་བྱ་དགའ་སྟོང་སྐོར་དགོན་པས་བླངས་པ་རེད། ཨང་རིམ་དང་བོར་ཐོབ་མཁན་སྟོང་སྐོར་དགོན་པའི་གྲྭ་བ་མང་བོ་འདུག་ཨ། ཁྱེད་ཅག་གིས་ཀྱང་ཤེས་ཀྱི་རེད། ད་རུང་རྩོད་རྒྱུགས་ལའང་ཨང་རིམ་དང་བོར་ཐོབ་མཁན་མང་བོ་འདུག དགོན་ཁག་ལྔ་བཅུ་ལྷག་དང་དགེ་འདུན་སུམ་སྟོང་ལྷག་གི་དབུས་སུ་ལོ་རྒྱུས་ཡོད་རེད། ལོ་རྒྱུས་འདི་ནི་བདེན་པ་ཡིན་པ་ལས་དེ་ག་ཙམ་མ་རེད། དགེ་བཤེས་ལྷ་རམས་པ་རྐྱང་རྐྱང་གིས་བཟང་ངན་ཕྱེ་སྟེ་བྱ་དགའ་གནང་བ་རེད། མཁས་པ་མཁས་པའི་མདུན་ན་མཛེས་ཟེར་བ་བཞིན། ལོ་རྒྱུས་འདི་ནི་མཁས་པ་མཁས་པའི་མདུན་ན་ཡིན་པ་ལས་དེ་ག་ཙམ་མ་རེད། དེ་ཐམས་ཅད་སེར་སྨད་དགེ་བཤེས་ཉི་མ་མཆོག་གི་བཀའ་དྲིན་དང་། ཁྱེད་ཚོས་གྲྭ་ས་གཞན་ལ་སློབ་སྦྱོང་ཡང་དག་བྱས་པའི་བཀའ་དྲིན་རེད། དེས་ན། དགེ་རྒན་བཀའ་དྲིན་ཅན་༧དགེ་བཤེས་ཉི་མ་མཆོག་དང་། དགེ་བཤེས་ཚུལ་ཁྲིམས་འོད་ཟེར་བཅས་ལ་ངེད་སྟོང་སྐོར་དགོན་པའི་གྲྭ་མང་གིས་དྲིན་ལན་འཇལ་དགོས་དགོས་རེད་བསམ་བཞིན་ཡོད། དེར་མ་ཟད། རང་དགོན་འདིར་མདོ་སྔགས་རིག་གནས་དང་བཅས་པ་ལ་སློབ་སྦྱོང་མཐར་ཕྱིན་པའི་སྐྱེས་བུ་དུ་མ་ཕེབས་རྒྱུའི་ཕྱོགས་ལའང་ངེད་ཅག་ཚང་མས་མཐུན་རྐྱེན་བསྒྲུབ་དགོས། དེ་ནི་གནད་དོན་ཆེན་པོ་ཞིག་དང་རྩ་བའི་དམ་བཅའ་དང་པོ་ཡིན། དེ་ལ་གནོད་པ་སྐྱེལ་ན། སངས་རྒྱས་ཀྱི་བསྟན་པར་གནོད་པ་དང་། སྟོང་སྐོར་དགོན་པར་གནོད་པ། ན་གཞོན་རྣམས་ཀྱི་མ་འོངས་མདུན་ལམ་ལ་གནོད་པ་སྐྱེལ་བ་ལས་གཞན་སུ་ལའང་གནོད་ཀྱི་མེད། འོན་ཀྱང་བླུན་པོ་ཚོས་ཤེས་གྱི་མ་རེད། ས་པཎ་གྱིས། མཁས་པར་མཁས་པའི་མདུན་ན་མཛེས། །བླུན་པོས་མཁས་པར་ཇི་ལྟར་གོ། །ཞེས་གསུང་པ་བཞིན། བླུན་པོ་ཚོས་ཤེས་ཀྱི་མ་རེད། མདོར་བསྡུས་ན། ཁོ་བོ་རྒྱ་གར་ནས་འོངས་སྟེ། དེ་རིང་གི་དབང་སྐོར་ཡས་འདི་ནི་ཐེངས་གསུམ་པ་ཡིན། ཡག་པོ་བྱུང་སོང་། ད་ལྟའི་དུས་སུ་སྟོང་སྐོར་སྡེ་དགོན་གཉིས་དང་། མ་ཟད། གནས་ནང་གི་བཙུན་མ་དགོན་པ་བཅས་ཚང་མ་ཡར་རྒྱས་འགྲོ་བཞིན་འདུག ཡག་པོ་རེད། དགའ་བསུ་ཡོད། མ་འོངས་པར་ཡང་སྤུན་ཟླ་ཚང་མས་མཐུན་སྒྲིལ་གཞི་བཟུང་སློབ་པ་སློབ་གཉེར་ཡར་རྒྱས་བཏང་ཡས་དང་། ཆོས་འདུལ་བའི་བཅས་ཁྲིམས་དང་མཐུན་པའི་སྤྱོད་པ་ཉམས་ལེན་བྱེད་ཀྱི་ཧ་ཅང་གལ་ཆེན་པོ་རེད། བཅོམ་ལྡན་འདས་ཀྱིས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་ལྟར། ཚང་མས་སེམས་བཟང་བྱོས། བཀའ་དྲིན་ཆེ། བཀྲ་ཤིས་བདེ་ལེགས།

      དེ་རིང་སྤྱི་ལོ་ ༢༠༡༥ ༨ ༣༠ ཉིན། དགེ་བཤེས་མཆོག་གི་གསུང་གི་ལེགས་བཤད་ལྟར་སྒྲ་ཕབ་ལེགས་འགྲུབ་བྱུང་ཡོད་ཀྱང་། སྒྲ་ཇི་བཞིན་ཡིག་ཐོག་ཏུ་མ་བཀོད་པར་ཅུང་ཟད་རེ་བསྒྱུར་བཅོས་བྱས། དེ་ཡང་། བསྒྱུར་བཅོས་བྱེད་ཕྱོགས་ལ་དགེ་བཤེས་མཆོག་གི་མདུན་ནས་གནང་བ་ཐོབ་སྟེ་ཡིན་པ་ལས་རང་མོས་ཀྱིས་མིན། མདོར་ན། ཕྱིས་སུ་དགེ་བཤེས་མཆོག་ལ་བཀའ་འདྲི་ཞུས་ནས་ཐུགས་དགོངས་ལྟར་གསུང་གི་དོན་གོ་བར་གཙོ་ཆེ་བས་སྔ་ཕྱིའི་གོ་རིམ་སྒྲིག་པ་དང་། སྡེབ་སྦྱོར་སྒྲིག་པའི་རྐྱེན་གྱིས་དོན་ཉམས་པ་དང་། དོན་འགལ་བ། རིམ་པ་ཉམས་པ། སྡེབ་སྦྱོར་ཉམས་པ། མཚམས་སྦྱོར་ཉམས་པ། ཡིག་ནོར་བྱུང་བ་ཡོད་ན་གཟུར་གནས་བློ་ལྡན་རྣམས་ལ་བཟོད་གསོལ་ཞུ།

བློ་བཟང་སྦྱིན་པས་བྲིས། དགེའོ།།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2015/9/11 བལྟ་ཀློག (45822)