མགྲོན་པོ་ཤོང་ཚད་ཆེས་ཆེ་བའི་གནམ་གྲུ།

མགྲོན་པོ་ཤོང་ཚད་ཆེས་ཆེ་བའི་གནམ་གྲུ།


      ཉེ་ཆར་ཨ་ལེན་ཆོའུ་(阿联酋)མཁའ་འགྲུལ་གྱི་རྣམ་པ་གསར་བའི་མཁའ་འགྲུལ་གནམ་གྲུ་A380རྟགས་ཅནལེགས་འགྲུབ་བྱུང་འདུག  གནམ་གྲུའི་ནང་དུ་ཁྱོན་འདུག་སྟེགས༦༡༥ཡོད།  དེ་ནི་མཁའ་འགྲུལ་ལོ་རྒྱུས་སྟེང་དུ་མགྲོན་པོ་ཤོང་ཚད་ཆེས་ཆེ་བའི་གནམ་གྲུ་ཡིན་འདུག  དེ་སྔོན་ཨ་ལེན་ཆོའུ་མཁའ་འགྲུལ་སྤྱི་གཉེར་ཁང་གིས་བཟོ་སྐྲུན་བྱས་པའི་མགྲོན་པོའི་ཤོང་ཚད་ཆེས་ཆེ་བའི་གནམ་གྲུ་ལས་འདུག་སྟེགས་༡༣༠ཙམ་གྱིས་ཇེ་མང་དུ་ཕྱིན་ཡོད།


      ཨ་ལེན་ཆོའུ་མཁའ་འགྲུལ་སྤྱི་གཉེར་ཁང་གིས་བཟོ་སྐྲུན་བྱས་པའི་ཡུལ་སྐོར་གནམ་གྲུ་མི་ཉུང་བ་ཞིག་ལ་ཆེ་ཆུང་ལ་དབྱིན་ཁྲེ་༡༣.༣ཙམ་ཡོད་པའི་འཛམ་གླིང་སྟེང་ཆེས་ཆེ་བའི་འཆར་ཤེལ་སྒྲིག་འགོད་བྱས་ཡོད།  ཐེངས་འདིའི་གནམ་གྲུའི་མགྲོན་འདུག་སྟེགས་ཀྱི་ཤོང་ཚད་ལ་བསྒྱུར་བཀོད་བྱས་པ་དེ་ཤོང་ཚད་ཆེས་ཆེ་སྔོན་མའི་གནམ་གྲུ་དང་བསྡུར་ན་འདུག་སྟེགས་༡༣༠ཙམ་གྱིས་ཇེ་མང་དུ་སོང་ཡོད་པ་དང་འདུག་གྲལ་སྟར་༡༣གྱིས་མང་དུ་ཕྱིན་ཡོད།   འདུག་སྟེགས་སྟར་རེར་མི་བཅུ་རེ་ཤོངས་བར་བྱས་ཡོད།


      རྣམ་པ་གསར་བའི་རྟགས་ཅན་གྱི་གནམ་གྲུ་དེ་གཟའ་འཁོར་འདིའི་ནང་ཏེས་པེའུ་(迪拜)ནས་གཟབ་རྒྱས་ངང་བཤམས་སྟོན་བྱས་ཤིང་ད་ལོའི་ཟླ་བ་བཅུ་གཉིས་པའི་ཚེས་གཅིག་ཉིན་དངོས་སུ་ཏེས་པེའུ་ནས་ཀི་པིན་ཧྰ་ཀིན་(哥本哈根)འཕུར་ལམ་ཁྲོད་འཕུར་སྤྱོད་བྱེད་རྒྱུ་ཡིན་ལ་འཕུར་ཡུན་དུས་ཚོད་བདུན་དང་རིན་གོང་ཧ་ལམ་དམངས་སྒོར་༣༥༠༠ཙམ་ཡིན།

གསར་འགྱུར་ལོ་ཙཱ་བ།  རྔ་བ་བསོད་རྡོར།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2015/11/14 བལྟ་ཀློག (4775)