སིརྱའི་སྨྱུ་གུ་ཞིག་ཆག་འདུག

 སིརྱའི་སྨྱུ་གུ་ཞིག་ཆག་འདུག

འཇམ་དབྱངས་དཀར་པོ།

      སྤྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༩ ཉིན།  ཁ་ཆེའི་བུད་མེད་གསར་འགོད་པ་ཞིག་གིས་རང་གི་ལུང་པའི་མི་སེར་གྱི་ལྷིང་འཇགས་དང་བདེ་སྐྱིད་མེད་པའི་འཚོ་བ། ཉིན་རེ་བཞིན་དྲག་སྤྱོད་པའི་ཚད་བརྒལ་ཆོས་ལུགས་ཀྱི་ཁྲིམས་འོག་ཏུ་མི་སེར་ཚོ་ཅི་འདྲའི་སྡུག་པོ་ཡོད་པའི་གནས་ཚུལ་རྣམས་འབྲི་སྤེལ་དང་ཕྱིར་གཏོང་བྱས་ཡོད།

     ལོ་༣༠ ཡིན་པའི་རུ་ཁེ་ཡ་ཧ་སན་(Ruqia Hassan)ནང་མི་དང་མཉམ་དུ་སིརྱའི་གྲོང་ཁྱེར་ར་ཁཱ་(Raqqa)ཡི་ནང་གནས་སྡོད་བྱས་ཡོད་ཀྱང་། ཁོ་མོ་གྲོང་ཁྱེར་གྱི་ཆབ་སྲིད་དང་ཆོས་ལུགས་ཀྱི་ཚོགས་སྡེ་གང་ལ་ཡང་ཞུགས་མྱོང་མེད། ཡིན་ན་ཡང་མོས་རང་འགུལ་གྱིས་སིརྱའི་མི་སེར་གྱི་འགྲོ་བ་མིའི་ཐོབ་ཐང་ལ་ནུས་ཤུགས་ཡོད་ཚད་བཏོན། མོས་"ཉིན་ཞིག་དྲག་སྤྱོད་པ་ཚོས་ང་གསོད་ངེས་ཡིན་"ཟེར།

     འདས་ལོའི་ཟླ་ ༧ ཚེས་ ༢༡ ཉིན་མོས་རང་ཉིད་ཀྱི་ངོ་དེབ་ནང་དྲག་སྤྱོད་པས་མོ་ལ་གསོད་བརྡ་བཏང་ཡོད་པ་དང་། མོ་རང་བཙན་ཁྲིད་ཀྱིས་གསོད་ངེས་ཡིན་ཚུལ་བྲིས་པ་དེ། མོས་ངོ་དེབ་ནང་བྲིས་པའི་ཡི་གེ་ཐ་མ་དེ་ཡིན་འདུག་ལ། རུ་ཁེ་ཡ་ཧ་སན་གྱིས་"ཁོ་ཚོས་ངའི་སྐེ་གཏུབ་ངེས་རེད། འགྲོ་བ་མིར་མཐོང་ཆུང་དང་གཉའ་གནོན་བྱས་ཏེ་འཚོ་བ་ལས།   སྐེ་གཏུབ་ནས་ཤི་བ་དེ་ངའི་གཟི་བརྗིད་ཡིན་"ཞེས་ཀྱང་བྲིས་ཡོད་འདུག

     འདས་པའི་ལོ་མཇུག་ལ་དྲག་སྤྱོད་པས་མོ་རང་བཙན་ཁྲིད་བྱས་པའི་ཟླ་ཤས་རྗེས་ཏེ། ཉེ་ཆར་སྐེ་གཏུབ་ནས་བསད་ཡོད་ཚུལ་ཁྱབ་བསྒྲགས་བྱས་འདུག  མོ་རང་གི་རྒྱབ་སྐྱོར་བ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ཀྱིས་རུ་ཁེ་ཡ་ཧ་སན་བཙན་ཁྲིད་བྱས་རྗེས་དྲག་སྤྱོད་པ་རྣམས་ཀྱིས་བཙན་གཡེམ་བྱེད་པ་སོགས་མནར་སྤྱོད་ཚད་མེད་བཏང་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད།


རྩོམ་སྒྲིག་པ།  མགར་དམག  སྤེལ་དུས། 2016/1/9 བལྟ་ཀློག (4502)