འབར་མའི་གྲོས་ཚོགས་གསར་བ་དབུ་འཛུགས་གནང་བ།

འབར་མའི་གྲོས་ཚོཊ་གསར་པ་དབུ་འཛུཊ།

       དེ་རིང་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་དབུ་ཁྲིད་པའི་རྒྱལ་ཡོངས་དམངས་གཙོ་ཚོགས་པས་འབར་མའི་གྲོས་ཚོགས་གསར་པ་དབུ་འཛུགས་གནང་ཡོད་འདུག། དེ་རིང་སྔ་དྲོར་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་དབུ་ཁྲིད་པའི་རྒྱལ་ཡོངས་དམངས་གཙོ་ཚོགས་པས། འབར་མའི་གྲོས་ཚོགས་གསར་པའི་ལས་འཁུར་ཚོགས་འདུ་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོའི་འབར་མའི་འོས་བསྡུ་ཆེན་མོའི་ཁྲོད་འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པར་གྲོས་ཚོགས་ཀྱི་རྐུབ་སྟེགས་ལས་བརྒྱ་ཆ་ ༨༠ ཐོབ་སྟེ། འབར་མ་དམག་གཞུང་གི་ལོ་ངོ་ ༥༠ ལྷག་གི་དབང་བསྒྱུར་མཇུག་བསྡུས་ཡོད་པ་དང་། ཕྱི་ལོ་ ༡༩༤༨ ལོར་དབྱིན་ཇིའི་བཙན་བཟུང་འོག་ནས་འབར་མར་རང་བཙན་ཐོབ་རྗེས། མི་མང་གིས་བདམས་པའི་མགོ་ཁྲིད་ཅིག་ལ་ཞི་བའི་ངང་སྲིད་དབང་རྩིས་སྤྲོད་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག། ཕྱི་ཟླ་དང་པོའི་ཚེས་ ༢༨ ཉིན་འབར་མའི་སྲིད་འཛིན་ལས་ཐོག་ཐེན་སིན་(Thein Sein)ལགས་ཀྱིས་སྲིད་འཛིན་ལས་འཁུར་རྫོགས་གྲབས་ཀྱི་གཏམ་བཤད་གནང་སྐབས། ད་ལན་ནི་རང་བཙན་ཐོབ་རྗེས་ཀྱི་འབར་མ་གཞུང་དང་གསར་དུ་བདམས་པའི་མགོ་ཁྲིད་བར་ཞི་བའི་ངང་དབང་ཆ་རྩིས་སྤྲོད་རྩིས་ལེན་བྱས་པ་ཐོག་མ་དེ་ཆགས་ཡོད་ལ། ཁོང་གིས་དབང་ཆ་རྩིས་སྤྲོད་ཀྱི་ཚད་ལྡན་བརྒྱུད་རིམ་ལ་གུས་བརྩི་བྱས་ཏེ། རྒྱལ་ཁབ་ཀྱི་བྱ་གཞག་གལ་ཆེན་པོ་དེ་ལེགས་འགྲུབ་བྱུང་དུ་འཇུག་པའི་དམ་བཅའ་ཡོད་སྐོར་བརྗོད་ཡོད་པ་མ་ཟད། སྲིད་གཞུང་གསར་པ་དང་གྲོས་ཚོགས་གསར་པས་འབར་མ་རྒྱལ་ཁབ་ལ་ཞི་བདེ་དང་འཕེལ་རྒྱས་བསྐྲུན་ཐུབ་པའི་སྨོན་འདུན་དང་། འབར་མ་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་འབར་མའི་ནང་ཡོད་པའི་གྲངས་ཉུང་མི་རིགས་ཚོའི་བྱ་གཞག་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུས་ཡོད་འདུག།

      ཕྱི་ཟླ་དང་པོའི་ཚེས་ ༡༢ ནས་ ༡༦ ཉིན་བར་འབར་མ་རྒྱལ་ཡོངས་ཞི་བདེའི་ཆབ་སྲིད་གྲོས་མོལ་གྱི་ཚོགས་འདུ་བསྡུས་པའི་ཐོག འབར་མའི་སྲིད་འཛིན་ཐེན་སིན་ལགས་དང་སྲིད་འཛིན་གཞོན་པ་སཱ་མོག་ཀམ་(Sai Mauk Kham)། གྲོས་ཚོགས་གོང་འོག་གི་ཚོགས་གཙོ། རྒྱལ་སྲུང་དམག་སྤྱི། དེ་བཞིན་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སན་སུའུ་སྐྱིད་ལགས་དང་འབར་མའི་གྲངས་ཉུང་མི་རིགས་ཚོགས་པའི་ཚོགས་གཙོ་སོགས་མཉམ་ཞུགས་བྱས་ཡོད་པ་དང་། ཚོགས་ཐོག་ཏུ་འབར་མའི་སྲིད་འཛིན་ཐིན་སིན་ལགས་ཀྱིས། ཕྱི་ལོ་ ༡༩༤༨ ལོར་འབར་མར་རང་བཙན་ཐོབ་པ་ནས་བཟུང་རྒྱལ་ནང་དུ་དྲག་པོའི་རྒོལ་རྡུང་རིམ་པར་བྱུང་ཡོད་སྟབས། རྒྱལ་ཡོངས་ནང་ཞི་བདེ་ཡོང་ཆེད་འབར་མ་དམག་གཞུང་གིས་འབད་བརྩོན་ཆེན་པོ་བྱས་ཡོད་ལ། གསར་དུ་བདམས་ཐོན་བྱུང་བའི་སྲིད་གཞུང་གིས་མུ་མཐུད་ཞི་བདེའི་ཐབས་ལམ་ལ་བརྟེན་ནས་ཆབ་སྲིད་གྲོས་མོལ་ལ་རྨང་གཞི་ལེགས་པོ་བསྐྲུན་དགོས་སྐོར་བརྗོད་འདུག། འབར་མ་དམག་གཞུང་གིས་གཏན་འབེབས་བྱས་པའི་རྩ་ཁྲིམས་ནང་དམངས་གཙོ་ཚོགས་པ་དང་དམག་ཕྱོགས་གཉིས་ནས་དབང་ཆ་མཉམ་སྤྱོད་དགོས་སྐོར་གསལ་ཡོད་སྟབས། གསར་དུ་བདམས་ཐོན་བྱུང་བའི་གྲོས་ཚོགས་ཀྱི་ལས་འགན་གལ་ཆེ་ཤོས་ཤིག་ནི། འབར་མའི་སྲིད་འཛིན་དང་གྲོས་ཚོགས་གོང་འོག་གི་ཚོགས་གཙོ་འོས་འདེམས་གནང་རྒྱུ་དེ་ཡིན་པས། མི་འགྱངས་བར་འབར་མའི་གྲོས་ཚོགས་གོང་འོག་གཉིས་ནས་སྲིད་འཛིན་འོས་མི་རེ་རེ་དང་། གྲོས་ཚོགས་ཀྱི་བཞི་ཆ་གཅིག་ཙམ་བཟུང་བའི་དམག་ཕྱོགས་ནས་སྲིད་འཛིན་འོས་མི་གཅིག་བཅས་འོས་མི་གསུམ་བཏོན་ཏེ། གྲོས་ཚོགས་གོང་འོག་གཉིས་ཀྱི་མཉམ་འབྲེལ་ཚོགས་འདུའི་རྗེས་འོས་བླུགས་རྒྱུ་ཡིན་པ་དང་། འོས་མི་གསུམ་ལས་འོས་མང་ཤོས་དེ་འབར་མའི་སྲིད་འཛིན་དང་གཞན་གཉིས་སྲིད་འཛིན་གཞོན་པ་རུ་བསྐོ་བཞག་གནང་ནས་འདི་ལོའི་ཕྱི་ཟླ་ ༤ པའི་ནང་དངོས་སུ་སྲིད་དབང་འཛིན་རྒྱུ་ཡིན་འདུག།འདས་པའི་ལོ་ངོ་ ༢༦ ལྷག་ལ་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་དམངས་གཙོའི་འཐབ་རྩོད་གནང་བ་བརྒྱུད་རྒྱལ་ཡོངས་དམངས་གཙོ་ཚོགས་པར་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ཀྱང་། འབར་མའི་རྩ་ཁྲིམས་ནང་བུ་དང་བུ་མོ་རྒྱལ་ཁབ་གཞན་གྱི་མི་སེར་ཡིན་ན་འབར་མའི་སྲིད་འཛིན་དུ་བསྐོ་བཞག་བྱེད་མི་ཆོག་སྟབས། ལྕམ་ཨང་སན་སུའུ་སྐྱིད་ལགས་སྲིད་འཛིན་དུ་བསྐོས་ཆོག་གི་མེད་པ་རེད། འདས་ལོར་ཁོང་མོས་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ་རྗེས་མོ་རང་གི་གོ་གནས་སྲིད་འཛིན་ལས་ཀྱང་མཐོ་བ་ཡོད་སྐོར་བརྗོད་ཡོད་ནའང་། ད་ལྟའི་ཆར་དམངས་གཙོ་ཚོགས་པའི་ངོས་ནས་ཨང་སན་སུའུ་སྐྱིད་ལགས་ཀྱི་གོ་གནས་ཇི་ལྟར་སྲིད་འཛིན་ལས་མཐོ་བ་བཟོ་རྒྱུ་ཡིན་དང་། སུ་སྲིད་འཛིན་དུ་བདམ་རྒྱུ་ཡིན་པའི་ཐད་ཅི་ཡང་བཤད་མེད་པ་རེད།  

༢༠༡༦/༠༢/དུས་བབ་ལས།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2016/2/2 བལྟ་ཀློག (3771)