དྲག་སྤྱོད་པ་ཞིག་གིས་མི་ ༥༠ དམར་གསོད་བཏང་།

       ཁ་ཆེ་དྲག་སྤྱོད་པ་ཞིག་གིས་ཨ་རིའི་མཚན་མཐུན་སྤྲོ་ཚོགས་ཁང་ཞིག་ཏུ་གང་བྱུང་མེ་མདའ་བརྒྱབ་སྟེ་མི་ ༥༠ དམར་གསོད་དང་མི་ ༥༣ ལ་རྨས་སྐྱོན་བཟོས་ཡོད་འདུག    

      དེ་རིང་ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གཟའ་ཉི་མའི་ཐོ་རངས་ཆུ་ཚོད་ ༢ ཙམ་ལ་ཨ་རིའི་མངའ་སྡེ་ཧྥི་ལོ་རེ་ཌ་ (Florida) ཨོར་ལན་ཌོ་ (Orlando) གྲོང་ཁྱེར་གྱི་ཁྲོམ་གཞུང་ (Orange Ave) དུ་ཚུགས་པའི་པུལ་སི་ (Pulse) ཞེས་པའི་མཚན་མཐུན་སྤྲོ་ཚོགས་ཁང་ཞིག་ཏུ་འཇིགས་སྐུལ་དྲག་སྤྱོད་པས་གང་བྱུང་མེ་མདའ་བརྒྱབ་སྟེ་མི་ ༥༠ དམར་གསོད་དང་མི་ ༥༣ ལ་རྨས་སྐྱོན་བཟོས་ཡོད་པ་དང་། ཨ་རིའི་རྒྱལ་ནང་གསང་བའི་ལས་ཁུངས་ (FBI) ཀྱིས་རྟོག་ཞིབ་བྱས་པ་བརྒྱུད་གནས་ཚུལ་དེ་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པར་ (Islamic State) འབྲེལ་བ་ཡོད་སྐོར་དང་། འཇིགས་སྐུལ་དྲག་སྤྱོད་པ་གཅིག་གི་མེ་མདས་དུས་གཅིག་ལ་མི་ ༡༠༠ ལྷག་ཤི་རྨས་བཏང་བ་དེ་ནི་ཨ་རིའི་བྱུང་རབས་ལོ་རྒྱུས་ཁྲོད་སྔར་བྱུང་མ་མྱོང་བའི་ཆག་སྒོ་ཆེ་ཤོས་དེ་ཡིན་སྐོར་བརྗོད་འདུག

       ཨོར་ལན་ཌོ་གྲོང་ཁྱེར་ཉེན་རྟོགས་པས་རེས་གཟའ་ཉི་མའི་ཐོ་རངས་ཆུ་ཚོད་ ༢ ཙམ་ལ་མི་གསོད་མཁན་དེས་ལག་ཏུ་མེ་མདའ་རིང་ཐུང་གཉིས་བཟུང་སྟེ་ཁྲོམ་ཚོགས་ནང་མེ་མདའ་བརྒྱབ་པ་རེད། དེ་ཡང་ཐོག་མར་དྲག་སྤྱོད་པ་དེ་སྤྲོ་ཚོགས་ཁང་གི་ཕྱི་ལོགས་སུ་སོང་ནས་སྒོ་སྲུང་བ་བསད་རྗེས། ཕྱིར་སྤྲོ་ཚོགས་ཁང་དུ་ཡོང་ནས་མེ་མདའ་བརྒྱབ་སྟེ་ལྟད་མོ་བ་མང་བོར་འཇིགས་སྐུལ་དང་གཏའ་མར་བཟུང་བ་དང་། རྗེས་ལ་ཉེན་རྟོག་པ་དང་དྲག་སྤྱོད་པའི་བར་མེ་མདའ་རྒྱག་རེས་བྱས་ཏེ་དྲག་སྤྱོད་པ་དེ་བསད་པ་རེད། ཅེས་སོགས་བརྗོད་འདུག། 

    ཨ་རིའི་རྒྱལ་ནང་གསང་བའི་ལས་ཁུངས་ཀྱིས་རྟོགས་ཞིབ་བྱས་པ་ལྟར་ན། མི་གསོད་དོན་རྐྱེན་བཟོ་མཁན་དེའི་མིང་ལ་མ་ཊིན་ (Mateen) ཟེར་ཞིང་ལོ་ ༢༩ ཡིན་པ་དང་། ཁོ་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་འཚར་ལོངས་བྱུང་བ་དང་ཕྱིས་སུ་ཧྥི་ལོ་རེ་ཌའི་མཚོ་ཁའི་གྲོང་ཁྱེར་ལུ་སེ་ (Port St. Lucie) ནང་གནས་སྤོ་བྱས་ཡོད་ཅིང་། ཕ་ཡུལ་ཨ་ཧྥི་གྷ་ནེ་སི་ཐན་ནས་ཡིན་འདུག

       རེས་གཟའ་ཉི་མའི་ཐོ་རངས་ཁར་དྲག་སྤྱོད་པ་དེས་ཨ་རིའི་མྱུར་སྐྱོབ་ཞབས་ཞུའི་ཨང་གྲངས་ (༩༡༡) ཐོག་ཁ་པར་བཏང་སྟེ་ཁོ་ཁ་ཆེ་འཇིགས་སྐུལ་དྲག་སྤྱོར་པར་དགའ་ཞེན་ཆེ་ལུགས་བཤད་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ནས་ ༢༠༡༤ ནང་སྔ་རྗེས་བྱུང་བའི་འགད་རྫས་དོན་རྐྱེན་དང་མེ་མདའི་དོན་རྐྱེན་སྐབས། ཨ་རིའི་རྒྱལ་ནང་གསང་བའི་ལས་ཁུངས་ཀྱིས་མི་དེར་དོགས་གཞི་བྱས་ཏེ་ཁོའི་འགྲོ་འདུག་སྤྱོད་གསུམ་ཐོག་ལྟ་རྟོག་བྱེད་ཀྱིན་ཡོད་ནའང་། ད་བར་ཁོ་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པར་ལག་འབྲེལ་ཡོད་པའི་ཁུངས་སྣེ་ཅི་ཡང་རྙེད་ཐུབ་མེད་པ་རེད།   

     ཨ་རིའི་གསར་དེབ་ཁང་ (Wall Street Journal) གི་དཔྱད་བརྗོད་ཅིག་སྤེལ་བའི་ནང་། ད་རེབ་ཀྱི་མེ་མདའི་དོན་རྐྱེན་དེ་ནི་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པར་དགའ་ཞེན་ཆེ་བའི་ཨ་རིའི་མི་སེར་ཁ་ཆེ་བ་མ་ཊིན་གྱིས་བསླངས་པ་ཡིན་ཞིང་། དོན་རྐྱེན་དེ་ནི་ཨ་རིའི་བྱུང་རབས་ལོ་རྒྱུས་ཐོག་ཚབས་ཆེ་ཤོས་དེ་ཆགས་ཡོད་པ་དང་། ང་ཚོས་སྔོན་ཆད་དཀྱིལ་ཤར་ཡུལ་གྲུ་ཁག་ནང་གི་ཆོས་ལུགས་གྲུབ་མཐའི་འཐབ་རྩོད་དེ་མཐའ་གཞུག་ཨ་རིའི་རྒྱལ་ནང་དུ་ཡོང་སྲིད་པའི་དོགས་གཞི་བྱེད་ཀྱིན་ཡོད་པ་དེ་ད་ལྟ་མངོན་འགྱུར་བྱུང་བ་མིན་ནམ། རྒྱུ་མཚན་ཁ་སང་རེས་གཟའ་ཉི་མའི་ཐོ་རངས་ཁར་ཨོར་ལན་ཌོ་གྲོང་ཁྱེར་དུ་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པས་མི་ ༥༡ དམར་གསོད་དང་མི་ ༥༣ རྨས་སྐྱོན་བཟོས་པ་རེད།

   དྲག་སྤྱོད་པ་དེ་ནི་མ་ཊིན་རེད་ལ། ཁོ་ཨ་ཧྥི་གྷ་ནེ་སི་ཐན་ནས་ཨ་རིར་སྐྱབས་བཅོལ་དུ་ཡོང་བའི་སི་ཌེ་ཁེ་མ་ཊིན་ (Seddique Mateen) གྱི་བུ་ཡིན་པ་དང་། དྲག་སྤྱོད་པ་མ་ཊིན་གྱིས་དཀོན་མཆོག་རླབས་ཆེན་ (God is great) ཡིན་ཞེས་མཚན་མཐུན་སྤྲོ་ཚོགས་ཁང་གི་མི་མང་ནང་གང་བྱུང་མེ་མདའ་བརྒྱབ་པ་རེད། དྲག་སྤྱོད་པ་མ་ཊིན་ནི་ཁ་ཆེ་ཆོས་ལུགས་གྲུབ་མཐའ་མཁྲེགས་འཛིན་བྱེད་མཁན་ཞིག་ཡིན་སྟབས། ཁོས་མཚན་མཐུན་སྤྲོ་ཚོགས་ཁང་ནང་མི་གསོད་དོན་རྐྱེན་བཟོས་པ་རེད། ཅེས་སོགས་འཁོད་འདུག

    གནས་ཚུལ་ལྟར་ན། འདས་པའི་ལོ་ངོ་ ༢༥ རིང་ཨ་རིའི་ནང་མེ་མདའི་དོན་རྐྱེན་ཐེངས་ ༧ བྱུང་སྟེ་ཉེས་མེད་མི་སེར་ ༡༨༥ ཙམ་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། ད་རེབ་ཀྱི་ཨོར་ལན་ཌོ་གྲོང་ཁྱེར་གྱི་དོན་རྐྱེན་ཁྲོད་མི་ ༥༠ རྐྱེན་ལམ་དུ་ཤོར་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོར་བེར་རྗེ་ནེ་ཡ་ཚན་རྩལ་གཙུག་ལག་སློབ་ཆེན་ནང་མེ་མདའི་དོན་རྐྱེན་ཁྲོད་སློབ་ཕྲུག་ ༣༢ ཚེ་སྲོག་ཤོར། ཕྱི་ལོ་ ༢༠༡༢ ལོར་སན་ཌེ་ཧོ་ཀི་སྔོན་འགྲོའི་སློབ་གླིང་དུ་མེ་མདའི་དོན་རྐྱེན་ཁྲོད་སློབ་ཕྲུག་ ༢༧། ཕྱི་ལོ་ ༡༩༩༡ ལོར་ཀེ་ལིན་ (Killeen) གྲོང་ཁྱེར་དུ་བྱུང་བའི་མེ་མདའི་དོན་རྐྱེན་ཁྲོད་ཡུལ་མི་ ༢༣། ཕྱི་ལོ་ ༢༠༡༥ ལོར་སན་བྷིར་ནར་ཌེ་ནོ་ (San Bernardino) གྲོང་ཁྱེར་ནང་བྱུང་བའི་མེ་མདའ་དོན་རྐྱེན་ཁྲོད་ལས་བྱེད་ ༡༤། ཕྱི་ལོ་ ༢༠༠༩ ལོར་ཧྥོར་ཊི་ཧོ་ཌ་ (Fort Hood) དམག་ཁུལ་དུ་བྱུང་བའི་མེ་མདའི་རྐྱེན་ཁྲོད་མི་ ༡༣ དང་ནེའུ་ཡོག་གྲོང་ཁྱེར་ (New York) གྱི་སྐྱབས་བཅོལ་སྣེ་ལམ་ཁང་དུ་བྱུང་བའི་མེ་མདའི་དོན་རྐྱེན་ཁྲོད་མི་ ༡༣། ཕྱི་ལོ་ ༡༩༩༩ ལོར་ཁོ་ལུམ་བྷེན་མཐོ་སློབ་ (Columbine High School) ཏུ་བྱུང་བའི་མེ་མདའི་དོན་རྐྱེན་ཁྲོད་སློབ་ཕྲུག་ ༡༣ རྐྱེན་ལམ་ཤོར་ཡོད་འདུགཨ་རི་གཙོས་པའི་ཨེ་ཊ་ལེ་དང་ཧྥ་རིན་སི། སི་པན་དང་ཨེ་སི་རལ་སོགས་མཚན་མཐུན་ཕོ་མོ་མང་པོས་ཨ་རིའི་མཚན་མཐུན་སྤྲོ་ཚོགས་ཁང་དུ་བྱུང་བའི་མེ་མདའི་དོན་རྐྱེན་ཁྲོད་འདས་གྲོངས་ཕྱིན་པ་རྣམས་མྱ་ངན་ཞུ་བཞིན་ཡོད་འདུག།

༢༠༡༦/༠༦/༡༣


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2016/6/13 བལྟ་ཀློག (7484)