རྒྱ་གར་དུ་ཐོག་བརྒྱབ་སྟེ་ཉིན་གཉིས་ནང་མི་༩༣རྐྱེན་ལམ་དུ་ཤོར་བ།

རྒྱ་གར་དུ་ཐོག་བརྒྱབ་སྟེ་ཉིན་གཉིས་ནང་མི་༩༣རྐྱེན་ལམ་དུ་ཤོར་བ།

       དུས་ཚིགས་འདིར་རྒྱ་གར་དུ་ཆར་དུས་ཀྱི་རྣམ་པ་ཡོངས་སུ་ཤར་ཡོད། ཡིན་ནའང་ཉེ་ཆར་ཉིན་མང་པོའི་རིང་ཆར་ཤ་འོངས་ནས་ཐོག་བརྒྱབ་པ་དང་། སྤྱི་ཚེས་༢༡དང་༢༢ཉིན་གཉིས་ཁོ་ནར་མི་༩༣ཐོག་བརྒྱབ་སྟེ་རྐྱེན་ལམ་དུ་ཤོར་ཡོད་འདུག

       རྒྱ་གར་བྱང་ཤར་ཁུལ་གྱི་ཧ་ཨར་མངའ་སྡེ་རུ་ཉུང་མཐའ་ཡང་མི་༥༦ཤི་བ་དང་མི་༢༨རྨས་ཡོད་པ་རེད། དེ་མིན་རྒྱ་གར་སྲིད་གཞུང་གིས་བྱང་ཕྱོགས་མངའ་སྡེ་དང་ཅ་ཁེན་རྡེ་མངའ་སྡེ། ཀྲུང་དབྱང་མངའ་སྡེ་བཅས་སུ་མི་༣༧ཤི་ཡོད་པ་བསྟན་པ་དང་། དབྱིན་ཇིའི་ཚགས་ཤོག་ཐོག་དོན་རྐྱེན་བྱུང་ས་མང་ཆེ་བ་ཞིང་གྲོང་ཡིན་པའི་གནས་ཚུལ་སྤེལ་ཡོད།

    ཧ་ཨར་མངའ་སྡེའི་གནོད་འཚེ་དོ་དམ་ཅུས་ཀྱི་དཔོན་པོས་ཧྥ་རན་སིའི་གསར་འགྱུར་ཁང་གི་གསར་འགོད་པར་ཚེ་སྲོག་ཤོར་བའི་མི་ཕལ་མོ་ཆེ་བུད་མེད་དང་བྱིས་པ་ཡིན་པ་བཤད་ཡོད་པ་དང་།

   ཞིང་པ་Usvahaཡིས་གསར་འགོད་པར་ཐོག་བརྒྱབ་ཏེ་ཤི་བའི་མི་མང་པོ་ནི་ཞིང་པ་ཡིན་པ་དང་། སྲིད་གཞུང་གིས་ཁོ་ཚོར་རོགས་སྐྱོར་གང་ཡང་མ་བྱས་པའི་གནས་ཚུལ་བཤད་ཡོད་པ་རེད།

   ལོ་རེའི་ཟླ་༦པ་ནས་༩པའི་བར་ནི་རྒྱ་གར་གྱི་ཆར་དུས་ཡིན་ཞིང་། ལོའི་ཆར་ཆུ་འབབ་ཚད་སྤྱིའི་བརྒྱ་ཆའི་༨༠ནི་དུས་སྐབས་འདིར་འབབ་ཀྱི་ཡོད་པ་རེད། འདི་གའི་མི་རྣམས་རྟག་ཏུ་ཆུ་ལོག་དང་། འདམ་རྡོའི་ཆུ་རུད། ཐོག་བརྒྱབ་པ་སོགས་ཀྱི་གནོད་འཚེ་ལ་འཕྲད་ཀྱི་ཡོད་པ་དང་། ད་ལོ་གནོད་འཚེ་ལྷག་ཏུ་ཆེ་བ་རེད། གསར་འགོད་པས་གློག་འཁྱུག་པ་ནི་རྒྱ་གར་གྱི་ཆེས་ཚབས་ཆེ་བའི་རང་བྱུང་གནོད་འཚེ་རིགས་ཤིག་རེད་ཟེར།

   དེ་སྔོན་ཡིན་ན། རྒྱ་གར་གྱི་ཞིང་པས་ཐན་པ་ལ་འཁང་ར་བྱེད། ད་ལྟ་ཆར་ཆུ་མོད་པའི་དུས་ལ་བསླེབས་པས་ཞིང་པ་རྣམས་སོ་ནམ་གྱི་ལས་ལ་བྲེལ། ཡིན་ནའང་ཆར་ཤ་དང་ཐོག་ནི་དུས་ངེས་མེད་དུ་ཡོང་སྲིད་པས། ཞིང་པ་རྣམས་ལ་ཐབས་གཞན་ཅི་ཞིག་མཆིས་ཨང་།

   གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་སྲིད་གཞུང་གིས་གོད་ཆག་བྱུང་བའི་ཁྱིམ་ཚང་ལ་ཧིན་སྒོར་ཁྲི་༤༠༼དམངས་སྒོར་ཁྲི་༤༽ཡི་གྱོང་གསབ་སྤྲོད་རྒྱུ་ཡིན་འདུག  རྒྱ་གར་གྱི་རྒྱལ་ཁབ་ནག་ཉེས་ཐོ་འགོད་ཅུས་ཀྱི་གྲངས་གཞི་རུ་མངོན་པ་ལྟར་ན། སྤྱི་ལོ་༢༠༡༤ལོར་རྒྱ་གར་དུ་མི་༢༥༨༢ཐོག་བརྒྱབ་སྟེ་རྐྱེན་ལམ་དུ་ཤོར་ཡོད་པ་རེད།

དྲྭ་ཚིགས་གཙོ་གཉེར་བ།  ཁཱ་ཤེས་རབ་རྒྱ་མཚོ།


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2016/6/25 བལྟ་ཀློག (7975)