ཉུང་མཐར་མི་ ༣༦ དམར་ག​སོད་བཏང་འདུག འཛམ་གླིང་གསར་འགྱུར།

ཉུང་མཐར་མི་ ༣༦ དམར་གསོད་བཏང་།

      སྤྱི་ལོ་༢༠༡༦ལོའི་ཟླ་༦པའི་ཚེས་༢༨གྱི་མཚན་མོར་ཊོར་ཀིའི་གྲོང་ཁྱེར་ཨེ་སི་ཐན་བྷོལ་གྱི་གནམ་ཐང་(土耳其伊斯坦布尔机场)དུ་དྲག་སྤྱོད་པས་མེ་མདའ་དང་འགད་རྫས་གཏོར་ཏེ་ཉུང་མཐར་མི་གྲངས་ ༣༦ དམར་གསོད་བཏང་ཡོད་འདུག   མདང་དགོང་ཊོར་ཀིའི་གྲོང་ཁྱེར་ཨེ་སི་ཐན་བྷོལ་(Istanbul)ཨི་ཊ་ཊོར་ཁུ་གནམ་ཐང་གི་ཞིབ་བཤེར་ས་ཚིགས་སུ། མི་གསུམ་གྱིས་མི་མང་གི་ནང་དུ་གང་བྱུང་མེ་མདའ་བརྒྱབ་པ་དང་འགད་རྫས་གཏོར་ཏེ། དེ་རིང་ཞོགས་པའི་བར་ཉུང་མཐར་མི་གྲངས་ ༣༦ དམར་གསོད་བཏང་བ་དང་། མི་ ༡༤༧ ལ་རྨས་སྐྱོན་བཟོས་ཡོད་འདུག  ཊོར་ཀི་གཞུང་གིས་དམར་གསོད་བཏང་བའི་འདས་པོའི་ནང་རྒྱལ་ཁབ་གཞན་གྱི་མི་ཡོད་ལ།  མང་ཆེ་བ་ཊོར་ཀི་རང་གི་མི་ཡིན་པ་དང་།  ཉེན་རྟོག་པས་དམར་གསོད་པ་གསུམ་དེ་བསད་ཡོད་སྐོར་བསྒྲགས་འདུག 

     ཉེ་སྔོན་ཊོར་ཀིའི་སྲིད་འཛིན་ཨེར་ཌོ་གྷན་(Recep Tayyip Erdogan)ལགས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་སྤྱི་ཡོངས་དང་། དམིགས་བསལ་གྱིས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚང་མས་ནུས་པ་མཉམ་དུ་སྤུངས་ཏེ་དྲག་སྤྱོད་པར་ཕར་རྒོལ་བྱེད་དགོས་པ་དང་།  ཊོར་ཀི་ལ་དྲག་སྤྱོད་པར་ཕར་རྒོལ་བྱེད་པའི་ནུས་པ་ཡོད་ལ།  དྲག་སྤྱོད་པ་རྩ་རྫོགས་མ་བཏང་བར་དུ་ཕར་རྒོལ་མཚམས་འཇོག་རྒྱུ་མིན་སྐོར་བརྗོད་ཡོད་པ་རེད།  འདི་ལོ་ཁོ་ནར་ཊོར་ཀིའི་ནང་དྲག་སྤྱོད་པས་དམར་གསོད་དོན་རྐྱེན་ཐེངས་ ༦ ཙམ་ལ་བསླངས་ཡོད་པ་དང་། སྔ་གཞུག་ཏུ་བྱུང་བའི་དོན་རྐྱེན་ཁྲོད་ཉུང་མཐར་མི་གྲངས་ ༡༨༣ དམར་གསོད་བཏང་ཡོད་འདུག

༢༠༡༦/༠༦/༢༩ 


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2016/6/29 བལྟ་ཀློག (8253)